ཡང་ཤ་ལོ་མོས་ལོ་བཅུ་གསུམ་གྱི་བར་དུ་དེ་རང་གི་ཁྱིམ་བརྩིགས་ནས་ཁྱིམ་དེ་བསྒྲུབས་སོ།  དེས་ལི་བ་ནོན་ནགས་ཀྱི་ཁྱིམ་ཡང་བརྩིགས་ཏེ། དེའི་རིང་དུ་ཁྲུ་བརྒྱ་ཐམ་པ། ཞེང་དུ་ཁྲུ་ལྔ་བཅུ་། དཔངས་སུ་ཁྲུ་སུམ་ཅུ་ཡོད་དེ། འགྱམ་ཤིང་གི་ཀ་བའི་གྲལ་བཞིའི་སྟེང་དུ་འགྱམ་ཤིང་གི་གདུང་མ་བཀྲམས་སོ།  གྲལ་རེ་རེ་ལ་ཀ་བ་བཅོ་ལྔ་ཡོད་པ་ཡིན། ཀ་བ་ཞེ་ལྔ་ཡིས་བརྟེན་པའི་གདུང་མ་རྣམས་འགྱམ་ཤིང་གིས་བཀབ་བོ།  དཀར་ཁུང་གི་གྲལ་གསུམ་སྟེ། ཕྱོགས་གསུམ་པོའི་དཀར་ཁུང་གཅིག་དང་གཅིག་གདོང་གཏད་དུ་བཏགས་སོ།  སྒོ་དང་རི་བཞི་ཐམས་ཅད་དཀར་ཁུང་དང་བཅས་པར་གྲུ་བཞིར་བཞོགས་ཏེ། ཕྱོགས་གསུམ་པོའི་སྒོ་གཅིག་ལ་གཅིག་གདོང་གཏད་དུ་བཏགས་སོ༎
 ཡང་ཀ་བ་དང་ལྡན་པའི་སྒོ་སྦྱོར་རིང་དུ་ཁྲུ་ལྔ་བཅུ་དང་། ཞེང་དུ་ཁྲུ་སུམ་ཅུ་ཡོད་པ་ཞིག་དང་། དེའི་མདུན་དུ་ཀ་བ་དང་མ་གདུང་ཡོད་པའི་ཡབས་ཤིག་དང་།
 ཞལ་ཆེ་གཅོད་པའི་ཕྱིར་ཁྲིའི་ཕྱིར་ཚོམས་རའམ། ཁྲིམས་ཐག་གཅོད་པའི་ཚོམས་ཤིག་བཟོས་ནས། དེ་ནི་ཁྱིམ་སའི་ཕྱོགས་ནས་ཐོག་གི་བར་དུ་འགྱམ་ཤིང་གིས་བཀབ་བོ༎
 ཡབས་དང་ཚོམས་རའི་ཁུལ་དུ་ཁོང་ཉིད་བཞུགས་པའི་གཟིམས་ཆུང་དེ་ཡང་དེ་བཞིན་དུ་བཟོས་ནས། ཤ་ལོ་མོས་མདུན་མར་བཞེས་པའི་ཕར་ཨོ་ཡི་སྲས་མོའི་ཕྱིར་དུ་ཚོམས་ར་དང་འདྲ་བའི་ཁྱིམ་ཞིག་བཞེངས་སོ༎
 དེ་ཐམས་ཅད་རྨང་ནས་བཟུང་སྟེ། ཆར་སྐྱིབ་དང་། ཕྱི་རོལ་གྱི་སྡེ་ཡངས་ཆེན་པོའི་བར་དུ། ཕྱི་ནང་གཉིས་སུ་བཟོ་བཏོན་པའི་རྡོ་བས་བཞེངས་སོ། རྡོ་བ་དེ་རྣམས་ཚད་དང་འདྲ་བར་སོག་ལེས་བཤགས་པའི་རྡོ་བ་རིན་ཐང་ཆེ་བའོ། ༡༠ ཡང་རྩིག་རྨང་ནི་རྡོ་བ་རིན་ཐང་ཆེ་བ་དང་། རྡོ་ཆེན་པོ་དང་། ཁྲུ་བཅུ་པའི་རྡོ་དང་། ཁྲུ་བརྒྱད་པའི་རྡོ་ལས་བྱས་སོ། ༡༡ དེའི་སྟེང་དུ་ཚད་དང་འདྲ་བར་བཟོ་བཏོན་པའི་རྡོ་བ་རིན་ཐང་ཆེ་བ་དང་འགྱམ་ཤིང་ཡོད་དེ། ༡༢ སྡེ་ཡངས་ཆེན་པོར་བཟོ་བཏོན་པའི་རྡོ་གྲལ་གསུམ་དང་། འགྱམ་ཤིང་གི་རྐེད་ཤིང་གྲལ་གཅིག་བཞིན་བསྐོར་ནས་བཞེངས་ཏེ། དེ་བཞིན་དུ་ཡ་ཧོ་ཝཱའི་ཕོ་བྲང་གི་ནང་མའི་ཚོམས་དང་། ཕོ་བྲང་གི་ཡབས་རིང་ཡང་བཞེངས་སོ༎
༡༣ དེ་ནས་རྒྱལ་པོ་ཤ་ལོ་མོས་ཚོར་ཡུལ་ནས་ཧི་རམ་འགུག་ཏུ་བཏང་ངོ་། ༡༤ དེ་ནི་ནབ་ཐ་ལིའི་སྡེ་ཡི་མོ་རང་མོ་ཞིག་གི་བུ་ཡིན་ཏེ། ཁོའི་ཕ་ཚོར་པ། རག་བཟོ་པ་ཞིག་ཡིན་ཏེ། རག་བཟོའི་རྣམ་པ་ཐམས་ཅད་དུ་ཤེས་རབ་དང་བློ་གྲོས་དང་རིག་རྩལ་གྱིས་ཁྱབ་པ་ཞིག་ཡིན་པས། རྒྱལ་པོ་ཤ་ལོ་མོའི་དྲུང་དུ་འོངས་ནས། དེའི་ལས་ཐམས་ཅད་བྱས་སོ༎
༡༥ དེས་ར་གན་ལས་ཁྲུ་བཅོ་བརྒྱད་པའི་ཀ་བ་གཉིས་བྱུགས་སུ་བཏང་ནས་བཟོས་ཏེ། རེ་རེའི་འཁོར་དུ་སྐུད་ཚད་ཁྲུ་བཅུ་གཉིས་ཀྱིས་ཐེབས་པ་ཡིན། ༡༦ ཡང་དེས་ནི་ཀ་བའི་ལྟག་པར་འཇོག་པའི་ཕྱིར། ར་གན་བླུགས་མའི་ཀ་གཞུ་གཉིས་བཟོས་ཏེ། ཀ་གཞུ་གཅིག་གི་དཔངས་སུ་ཁྲུ་ལྔ་དང་། ཀ་གཞུ་གཞན་དེའི་དཔངས་སུ་ཡང་ཁྲུ་ལྔའོ། ༡༧ ཡང་ཀ་བའི་མགོ་རུ་ཡོད་པའི་ཀ་གཞུ་གཉིས་ཀྱི་ཕྱིར། ཆོལ་མིག་ཅན་གྱི་དྲ་བ་དང་། ཉག་ཐག་ལྷས་ཀྱི་འཕྲེང་བ་བྱས་ཏེ། ཀ་གཞུ་གཅིག་གི་ཕྱིར་འཕྲེང་བ་བདུན་དང་། ཀ་གཞུ་གཞན་དེའི་ཕྱིར་ཡང་འཕྲེང་བ་བདུན་བཟོས་སོ། ༡༨ དེ་བཞིན་དེས་ཀ་བ་བཅོས་ནས། ཀ་བ་གཉིས་ཀྱི་ལྟག་པར་ཡོད་པའི་ཀ་གཞུ་རྣམས་ཀྱིར་འཁོར་དུ་འགེབས་པའི་ཕྱིར་དུ་དྲ་བ་ལ་སེ་འབྲུའི་འཕྲེང་བ་གཉིས་བཟོས། དེ་བཞིན་དུ་ཀ་གཞུ་གཞན་དེ་ལའང་བྱས་སོ། ༡༩ ཡབས་རིང་གི་ཀ་བ་རྣམས་ཀྱི་ལྟག་ཏུ་ཡོད་པའི་ཀ་གཞུ་ཁྲུ་བཞི་པ་རྣམས་ཀྱི་ཁར་དྲེས་མའི་མེ་ཏོག་གི་རྣམ་འགྱུར་དུ་བཏོན་ཏེ། ༢༠ ཀ་བ་གཉིས་ཀྱི་ཀ་གཞུའི་ཀྱིར་འཁོར་དུ་ཡོད་པའི་དྲ་བའི་གན་གྱི་འཕག་སྣའི་ཁར་སེ་འབྲུ་བཅོས་ནས། ཀ་གཞུ་གཞན་དེའི་ཁར་ཡང་སེ་འབྲུ་ཉིས་བརྒྱའི་ལྟག་པར་འཕྲེང་འོག་འཕྲེང་གིས་བསྐོར་ཏེ་ཡོད་པ་ཡིན། ༢༡ དེ་ནས་དེས་མཆོད་ཁང་གི་ཡབས་རིང་གི་མདུན་དུ་ཀ་བ་དེ་གཉིས་བཙུགས་ཏེ། ཀ་བ་གཅིག་ཁྱིམ་གྱི་གཡས་ཕྱོགས་སུ་བསླངས་ནས། མིང་དུ་ཡ་ཀིན་བཏགས། གཞན་ཀ་བ་དེ་ཁྱིམ་གྱི་གཡོན་ཕྱོགས་སུ་བསླངས་ནས། མིང་དུ་བོ་ཨས་བཏགས་སོ། ༢༢ ཀ་བ་གཉིས་ཀྱི་ལྟག་པར་དྲེས་མའི་མེ་ཏོག་གི་རྣམ་འགྱུར་བཏོན་ཏེ། ཀ་བའི་ལས་གྲུབ་བོ༎
༢༣ ཡང་དེས་བླུགས་མའི་རྒྱ་མཚོ། ཟུར་ནས་ཟུར་གྱི་བར་དུ་ཁྲུ་བཅུ་དང་། ཀུན་ནས་དབྱིབས་ཟླུམ་པ། དཔངས་སུ་ཁྲུ་ལྔ་དང་། ཀྱིར་འཁོར་དུ་སྐུད་ཚད་ཀྱིས་ཁྲུ་སུམ་ཅུ་དང་། ༢༤ དེའི་ཁ་ཟུར་གྱི་འོག་གི་ཀྱིར་འཁོར་དུ་ཁྲུ་བཅུ་རེ་ཡོད་པའི་སྦལ་མིག་རྣམས་བྱས་ནས། དེས་རྒྱ་མཚོ་བསྐོར་ཏོ། གཞན་དག་བླུགས་སུ་བཏང་སྐབས་སུ། སྦལ་མིག་གི་འཕྲེང་བ་འདི་གཉིས་ཀྱང་བླུགས་སུ་བཏང་བ་ཡིན། ༢༥ རྒྱ་མཚོ་དེ་གླང་བཅུ་གཉིས་ཀྱི་ཐོག་ཏུ་བཀལ། གསུམ་གྱི་ཁ་བྱང་དང་། ཡང་གསུམ་གྱི་ཁ་ནུབ་དང་། ཡང་གསུམ་གྱི་ཁ་ལྷོ་དང་། ཡང་གསུམ་གྱི་ཁ་ཤར་དུ་ལྟའོ། དེ་དག་གི་ཐོག་ཏུ་རྒྱ་མཚོ་བཀལ་ནས། དེ་དག་གི་སྨད་ཀྱི་ཡན་ལག་རྣམས་འོག་ཏུ་ཆུད་དེ་ཡོད་དོ། ༢༦ དེའི་སྲབ་ཐུག་ནི་སོར་བཞི་དང་། ཁ་ཟུར་དུ་ཕོར་པའི་ཁ་ཟུར་ལྟར་དྲེས་མའི་མེ་ཏོག་བཅོས་ཏེ། དེའི་ནང་དུ་ཆུ་ཟོམ་ཉིས་སྟོང་ཤོང་ངོ་༎
༢༧ ཡང་དེས་ནི་རིང་དུ་ཁྲུ་བཞི་དང་། ཞེང་དུ་ཁྲུ་བཞི་དང་། དཔངས་སུ་ཁྲུ་གསུམ་རེ་ཡོད་པའི་ར་གན་གྱི་ཁྲི་ཆེན་བཅུ་བཟོས་ཤིང་། ༢༨ ཡང་ཁྲི་རྣམས་ཀྱི་བཟོ་ལུགས་འདི་ལྟར་སྟེ། དེ་དག་ལ་ཤན་དང་། ཤན་ནི་ཟུར་རྒྱན་གྱི་བར་ན་ཡོད་དེ། ༢༩ ཟུར་རྒྱན་གྱི་བར་ན་ཡོད་པའི་ཤན་གྱི་ནང་ན་སེང་གེ་དང་། གླང་དང་། ཀེ་རུབ་དང་། ཟུར་རྒྱན་གྱི་ནང་ན་ཡང་གོང་དང་། འདྲ་བར་སེང་གེ་དང་། གླང་དང་། དེ་རྣམས་ཀྱི་འོག་ན་འཕྲེང་བ་རེ་བཏག་སྟེ་ཡོད་པ་ཡིན། ༣༠ ཡང་ཁྲི་ཆེན་རེ་ལ་ར་གན་གྱི་འཁོར་ལོ་བཞི་བཞི་དང་། ར་གན་གྱི་སྲོག་ཤིང་དང་། ར་གན་གྱི་ཕོན་ཕོན་བཞི་དང་། འཁྲུད་གཞོང་གི་འོག་དང་འཕྲེང་བའི་གན་དུ་བླུགས་མའི་ཕོན་ཕོན་ཡང་བཟོས་སོ། ༣༡ ཡང་དེའི་ཁ་ནི་དཔངས་སུ་ཁྲུ་གང་ཡོད་པའི་ཀ་གཞུ་རྣམས་ཀྱི་བར་ན་ཡོད་པ་ཡིན། ཁ་དེ་རང་ནི་ཁྲུ་ཕྱེད་དང་གཉིས་དང་། དེའི་བཟོ་ཡང་ཁྲི་བཞིན་དུ་ཟླུམ་པོ་དང་། རི་མོས་བརྒྱན་ཏེ་ཡོད་པ་ཡིན། ཡང་དེའི་མཐའ་ཤན་རྣམས་གྲུ་བཞི་ཡིན་ཏེ། ཟླུམ་པོ་མེད་པའོ། ༣༢ ཡང་མཐའ་ཤན་རྣམས་ཀྱི་འོག་ན་འཁོར་ལོ་བཞི་དང་། འཁོར་ལོའི་སྲོག་ཤིང་རྣམས་ཁྲིའི་ནང་དུ་བཅུག་སྟེ། འཁོར་ལོ་རེའི་མཐོ་ཁྱད་དུ་ཁྲུ་ཕྱེད་དང་གཉིས་དང་། ༣༣ འཁོར་ལོ་རྣམས་ཀྱི་བཟོ་ལུགས་ནི་ཤིང་བརྟའི་བཟོ་ལུགས་དང་འདྲ་སྟེ། དེའི་སྲོག་ཤིང་དང་། དཀྱིལ་འཁོར་དང་། རྩིབ་མ་དང་། ལྟེ་བ་རྣམས་བླུགས་སུ་བཏང་ནས་བྱས་ཤིང་། ༣༤ ཁྲི་རེའི་གྲུ་བཞི་ལ་ཕོན་ཕོན་བཞི། དེ་རྣམས་ཁྲི་རང་ལས་རང་བྱོན་དུ་ཡོད་པ་ཡིན། ༣༥ ཡང་ཁྲི་རྩེ་རུ་མཐོ་ཁྱད་དུ་ཁྲུ་ཕྱེད་ཡོད་པའི་གདུགས་དང་། ཁྲི་རྩའི་ཕོན་ཕོན་དང་། མཐའ་ཤན་རྣམས་ཀྱང་རང་བྱོན་དུ་ཡོད་པ་ཡིན། ༣༦ ཡང་ཟུར་རྒྱན་གྱི་ཕོན་ཕོན་དང་མཐའ་ཤན་རྣམས་ཀྱི་ཁར་རེ་རང་གི་ཚད་དང་། ཚོམ་དང་མཐུན་པའི་ཀེ་རུབ་དང་། སེང་གེ་དང་། ཁ་ཟུར་གྱི་ཤིང་གི་རི་མོ་བརྐོས་ཤིང་། ༣༧ ཁྲི་བཅུ་པོའི་བཟོ་ལུགས་དེ་ལྟར་རོ། དེ་ཐམས་ཅད་ཀྱི་པར་དང་། ཚད་དང་། ཆེ་ཆུང་གཅིག་པ་ཡོད་པ་ཡིན། ༣༨ ཡང་དེས་ར་གན་གྱི་འཁྲུད་གཞོང་བཅུ་བཟོས་ཏེ། འཁྲུད་གཞོང་རེའི་ནང་དུ་ཆུ་ཟོམ་བཞི་བཅུ་ཆུད་དོ། འཁྲུད་གཞོར་རེའི་ཚད་དུ་ཁྲུ་བཞིའོ། ཁྲུ་བཅུ་པོའི་ཁར་འཁྲུད་གཞོང་རེ་རེ་བཞག་གོ། ༣༩ ཡང་དེས་ཁྱིམ་གྱི་གཡས་ཕྱོགས་སུ་ཁྲི་ལྔ་དང་། གཡོན་ཕྱོགས་སུ་ཁྲི་ལྔ་བཞག་སྟེ། རྒྱ་མཚོ་དེ་ཁྱིམ་གྱི་གཡས་ཕྱོགས་ཀྱི་ཤར་ཕྱོགས་སུ། ལྷོ་ཕྱོགས་ཀྱི་ཐད་ཀར་བཞག་གོ།
༤༠ ཡང་ཧི་རམ་གྱིས་འཁྲུད་གཞོང་དང་། མེ་ཁྱེམ་དང་། ཏིང་རྣམས་བཟོས་ནས། ཧི་རམ་གྱིས་ཤ་ལོ་མོ་ལ་ཡ་ཧོ་ཝཱའི་ཕོ་བྲང་གི་ཕྱིར་བཟོ་ཐམས་ཅད་སྒྲུབ་པར་བྱས་སོ། ༤༡ གང་ཡིན་ཞེ་ན། ཀ་བ་གཉིས་དང་། ཀ་བའི་ལྟག་ཏུ་ཡོད་པའི་པུང་པ་ཅན་གྱི་ཀ་གཞུ་དང་། ཀ་བའི་ལྟག་ཏུ་ཡོད་པའི་ཀ་གཞུའི་པུང་པ་གཉིས་འགེབས་པའི་ཕྱིར་དུ་དྲ་བ་གཉིས་དང་། ༤༢ དྲ་བ་གཉིས་ཀྱི་ཕྱིར་དུ་ར་གན་གྱི་སེ་འབྲུ་བཞི་བརྒྱའམ། ཀ་ལྟག་གི་པུང་པ་ཅན་གྱི་ཀ་གཞུ་འགེབས་པའི་ཕྱིར་དུ་དྲ་བ་རེའི་ཁར་སེ་འབྲུའི་འཕྲེང་བ་གཉིས་གཉིས་དང་། ༤༣ ཁྲི་བཅུ་དང་། ཁྲི་རེ་ལ་འཁྲུད་གཞོང་རེ་བཅས་འཁྲུད་གཞོང་བཅུའོ། ༤༤ རྒྱ་མཚོ་གཅིག་དང་། རྒྱ་མཚོའི་འོག་ན་གླང་བཅུ་གཉིས་དང་། ༤༥ ཡོ་བྱད་དང་། མེ་ཁྱེམ་དང་། ཏིང་རྣམས་སོ། ཧི་རམ་གྱིས་རྒྱལ་པོ་ཤ་ལོ་མོ་ལ་ཡ་ཧོ་ཝཱའི་ཕོ་བྲང་གི་ཆེད་དུ་བཟོས་པའི་མཆོད་རྫས་ཐམས་ཅད་ནི་ར་གན་ལྷག་གེ་བ་ལས་བྱས་སོ། ༤༦ རྒྱལ་པོས་དེ་རྣམས་ཡོར་དན་གྱི་ཐང་དུ། སུ་ཀོད་དང་ཙ་རེ་ཐན་བྱ་བ་གཉིས་ཀྱི་མཚམས་ན་འདམ་སའི་ནང་དུ་བླུགས་སུ་བཏང་ངོ་། ༤༧ མཆོད་རྫས་རྣམས་རབ་ཏུ་མང་དྲགས་པའི་རྐྱེན་གྱིས། རྒྱལ་པོ་ཤ་ལོ་མོས་མ་བསྐར་བར་བཞག་པས། རག་གན་གྱི་སྐར་ཚད་བརྟགས་པར་མ་གྱུར་ཏོ༎
༤༨ ཡང་ཤ་ལོ་མོས་ཡ་ཧོ་ཝཱའི་ཕོ་བྲང་གི་ཕྱིར་བཟོས་པའི་མཆོད་རྫས་རྣམས་ནི། གསེར་གྱི་མཆོད་ཁྲི་དང་། གཟིགས་པའི་བག་ལེབ་གཞག་པའི་གསེར་གྱི་གསོལ་ལྕོག་དང་། ༤༩ སྦུགས་མའི་ཁང་མིག་གི་མདུན་དུ་ཡོད་པའི་སྟེགས་བུ་། གཡས་ཕྱོགས་སུ་ལྔ་དང་། གཡོན་ཕྱོགས་སུ་ལྔ། གསེར་བཙོ་མ་ལས་བཟོས་མཁན་བཅུ་དང་། མེ་ཏོག་དང་། མཆོད་ཀོང་དང་། མེ་ལེན་དང་། ༥༠ སྣོད་དང་། མེ་གྲི་དང་། ཏིང་དང་། སྡེར་མ་དང་། སྤོས་ཕོར་རྣམས་གསེར་བཙོ་མ་ལས་བཟོས་སོ། སྦུགས་མའི་ཁང་མིག་གམ། དམ་པའི་དམ་པ་ཡི་སྒོ་དང་། ཕོ་བྲང་ངམ། དཀོན་མཆོག་གི་མཆོད་ཁང་གི་སྒོ་རྣམས་ཀྱི་འཁོར་མིག་རྣམས་ཀྱང་གསེར་ལས་བཟོས་སོ༎
༥༡ དེ་ནས་རྒྱལ་པོ་ཤ་ལོ་མོས་ཡ་ཧོ་ཝཱའི་ཕོ་བྲང་གི་ལས་ཐམས་ཅད་གྲུབ་པ་དང་། ཤ་ལོ་མོས་ཉིད་ཀྱི་ཕ་དཱ་བིད་ཀྱིས་བསྔོས་པའི་དངུལ་དང་། གསེར་དང་། མཆོད་རྫས་རྣམས་ཡ་ཧོ་ཝཱའི་ཕོ་བྲང་གི་གཏེར་མཛོད་ཀྱི་ནང་དུ་བཅུག་གོ།