ཨིས་ར་ཨེལ་གྱི་བུ་རྣམས་མི་སེར་ཡུལ་ནས་ཕྱིན་དུ་ལོ་བཞི་བརྒྱ་དང་བརྒྱད་ཅུ་ལོན་པ་དང་། ཤ་ལོ་མོས་ཨིས་ར་ཨེལ་ལ་སྲིད་བསྐྱངས་པའི་ལོ་བཞི་པའི་ཟླ་བ་ཟིབ་བམ། ཟླ་བ་གཉིས་པའི་དུས་སུ། ཡ་ཧོ་ཝཱའི་ཁྱིམ་བཞེང་བ་ལས་ཚུགས་སོ།  ཡང་རྒྱལ་པོ་ཤ་ལོ་མོས་ཡ་ཧོ་ཝཱའི་དོན་དུ་བཞེངས་པའི་ཁྱིམ་དེའི་རིང་དུ་ཁྲུ་དྲུག་ཅུ་དང་། ཞེང་དུ་ཁྲུ་ཉི་ཤུ་དང་། མཐོ་ཁྱད་དུ་ཁྲུ་སུམ་ཅུ་ཡོད་དེ།  མཆོད་ཁང་གི་མདུན་དུ་ཡོད་པའི་སྒོ་ཁང་གི་རིང་ནི་ཕོ་བྲང་གི་ཞིང་ཁྱད་བཞིན་དུ་ཁྲུ་ཉི་ཤུ་དང་། དེའི་ཞེང་ནི་ཕོ་བྲང་གི་མདུན་ཕྱོགས་སུ་ཁྲུ་བཅུ་ཡོད་པ་ཡིན།  ཡང་ཁོང་གིས་ཕོ་བྲང་དེའི་གློ་སྐར་རྣམས་ནི་ཕྱི་ནས་དོག་ལ། ནང་ནས་ཁ་ཡལ་བ་ཡོད་པར་མཛད་དེ།  ཕོ་བྲང་གི་རྩིག་པ་དང་སྦྲེལ་ཏེ་ཁང་ཆུང་རྣམས་བསྐོར་ནས་མཛད་དོ། དེ་རྣམས་ནི་རྩིག་པའི་འཁོར་ཡུག་ཏུ་སྦྲེལ་ཞིང་། མཆོད་ཁང་དང་ཕུགས་ཁང་གཉིས་ཀྱི་འཁོར་ཡུག་ཏུ་བྱས་སོ། དེ་ལྟར་ཁོང་གིས་ཁང་ཆུང་རྣམས་འཁོར་ཡུག་ཏུ་བཀོད་དོ།  ཁང་ཆུང་འོག་མའི་ཞེང་ཁྲུ་ལྔ། དཀྱིལ་མའི་ཞེང་ཁྲུ་དྲུག ཡང་གསུམ་པའི་ཞེང་ཁྲུ་བདུན་ཡོད་པ་ཡིན། གདུང་མ་རྣམས་ནི་ཁྱིམ་གྱི་རྩིག་པ་ལ་མི་རྟེན་པའི་ཕྱིར། ཁྱིམ་གྱི་རྩིག་པའི་འཁོར་ཡུག་ཏུ་འཇས་བརྩིགས་སོ༎
 ཕོ་བྲང་དེ་བཞེང་བའི་ཚེ། རྡོ་བ་བཏོན་སར་བཅོས་ཡོད་པའི་རྡོ་བ་ལས་བརྩིགས་པས་ན། ཕོ་བྲང་དེ་བཞེང་སྐབས་སུ། ཐོ་བའམ། སྟ་རིའམ། ལྕགས་ཀྱི་ལག་ཆ་གཅིག་གི་སྐད་ཀྱང་ཐོས་པར་མ་གྱུར་ཏོ༎
 ཁང་ཆུང་གཞུང་མའི་སྒོ་ཕོ་བྲང་གི་གཡས་ཕྱོགས་སུ་བཞག་སྟེ། ཀྱོག་ཡོད་པའི་སྐས་ཀ་ལས་དཀྱིལ་ཁང་དང་། དཀྱིལ་ཁང་ནས་ཁང་ཆུང་གསུམ་པ་རུ་འཛེགས་སོ།  དེ་ལྟར་ཁོང་གིས་ཁྱིམ་དེ་བཟོས་ཏེ་བསྒྲུབ་ཟིན་ནས། དེའི་ཐོག་ནི་འགྱམ་ཤིང་གི་གདུང་མ་དང་སྤང་ལེབ་ཀྱིས་ཕུབས་སོ། ༡༠ ཡང་ཁོང་གིས་ཕོ་བྲང་ཡོངས་ཀྱི་ལྡན་དུ་མཐོ་ཁྱད་ཁྲུ་ལྔ་ལྔ་ཡོད་པའི་ཁང་ཆུང་རྣམས་བརྩིགས་ནས། འགྱམ་ཤིང་གི་གདུང་མས་ཕོ་བྲང་དང་སྦྲེལ་དུ་བཅུག་གོ།
༡༡ དེ་ནས་ཡ་ཧོ་ཝཱའི་བཀའ་ཤ་ལོ་མོ་ལ་བྱུང་སྟེ། འདི་སྐད་དུ། ༡༢ ཁྱོད་ཀྱིས་བཟོས་པའི་ཁྱིམ་འདིའི་ཆེད་དུ། གལ་ཏེ་ཁྱོད་ངའི་སྤྱད་མཚམས་བཞིན་དུ་སྤྱོད་ཅིང་། ངའི་བཀའ་ཁྲིམས་སྲུང་ཞིང་། ངའི་བཀའ་རྒྱ་བཞིན་དུ་སྤྱོད་པའི་ཕྱིར་དེ་རྣམས་ཡིད་ལ་འཆང་ན། ངས་ཁྱོད་ཀྱི་ཕ་དཱ་བིད་ལ་བརྗོད་པའི་ཚིག་དེ་ཁྱོད་ཀྱི་ནང་དུ་སྒྲུབ་པར་བྱ་སྟེ། ༡༣ ང་ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་ཁྲོད་དུ་གནས་ཏེ། ངས་རང་གི་འབངས་ཨིས་ར་ཨེལ་སྐྱུར་བར་མི་བྱའོ་ཞེས་གསུངས་སོ༎
༡༤ དེ་ལྟར་ཤ་ལོ་མོས་ཁྱིམ་དེ་བརྩིགས་ནས། བསྒྲུབ་པར་བྱས། ༡༥ ཡང་ཁོང་གིས་ཕོ་བྲང་གི་རྩིག་པའི་ནང་ལོགས་སུ་འགྱམ་ཤིང་གི་སྤང་ལེབ་ཀྱིས་གཡོགས་ཏེ། ཕོ་བྲང་གི་ཁྱིམ་ས་ནས་བཟུང་སྟེ་ཐོག་གི་བར་དུ་སྤང་ལེབ་ཀྱིས་གཡོགས་ནས། ཕོ་བྲང་གི་ཁྱིམ་ས་ལ་ཐང་ཤིང་གི་སྤང་ལེབ་བཏིང་ངོ་། ༡༦ ཡང་ཁོང་གིས་ཕོ་བྲང་གི་ལོགས་རྣམས་ཁྱིམ་ས་ནས་ཐོག་གི་བར་དུ་ཁྲུ་ཉི་ཤུའི་རྩིག་པ་ནི་འགྱམ་ཤིང་གི་སྤང་ལེབ་ལས་བྱས་པ་ནང་བཞིན་དུ། ནང་མའམ། དམ་པའི་དམ་པ་ཡང་སྤང་ལེབ་ཀྱིས་གཡོགས་སོ། ༡༧ ཕྱི་མའམ། མཆོད་ཁང་གི་རིང་དུ་ཁྲུ་བཞི་བཅུ་ཡོད་པ་ཡིན། ༡༨ ཁྱིམ་གྱི་ནང་ལོགས་ཀྱི་འགྱམ་ཤིང་ལ་མེ་ཏོག་ཀུ་བ་དང་འབུས་པའི་མེ་ཏོག་བརྐོས་ནས། ཐམས་ཅད་འགྱམ་ཤིང་ལས་བཟོས་པས། རྡོ་བ་ཡོངས་སུ་མི་སྣང་ངོ་། ༡༩ ཡ་ཧོ་ཝཱའི་ཞལ་ཆད་ཀྱི་སྒྲོམ་འཇོག་པའི་ཕྱིར། ཁོང་གིས་ཕོ་བྲང་གི་དབུས་སུ་སྦུགས་མའི་ཁང་མིག་དེ་བཞེངས་པ་དང་། ༢༠ ཁུལ་མའི་རིང་དུ་ཁྲུ་ཉི་ཤུ་དང་། ཞེང་དུ་ཁྲུ་ཉི་ཤུ་དང་། དཔངས་སུ་ཁྲུ་ཉི་ཤུ་ཡོད་པ་ཡིན། ཁོང་གིས་དེ་ནི་གསེར་བཙོ་མས་བཏུམ་སྟེ། ཕུགས་མའི་ཁང་མིག་གི་མདུན་དུ་འགྱམ་ཤིང་ནས་བཟོས་པའི་མཆོད་ཁྲི་ཞིག་བཞེངས་སོ། ༢༡ དེ་ལྟར་ཤ་ལོ་མོས་ཁྱིམ་གྱི་ནང་ལོགས་ནི་གསེར་བཙོ་མས་བཏུམ་སྟེ། ཁུལ་མའི་ཕྱི་རུ་གསེར་གྱི་ཉག་ཐག་བཟོས་ནས། གསེར་གྱིས་བཏུམ་མོ། ༢༢ མཁར་ལས་སྒྲུབ་རིང་བར་དུ། ཁོང་གིས་ཕོ་བྲང་ཐམས་ཅད་གསེར་ལས་གཡོགས་ཏེ། ཁུལ་མའི་མདུན་དུ་ཡོད་པའི་མཆོད་ཁྲི་ཡང་གསེར་གྱིས་བཏུམ་མོ༎
༢༣ ཕུགས་མའི་ཁང་མིག་གི་ནང་དུ་ཁོང་གིས་མཐོ་ཁྱད་ཁྲུ་བཅུ་ཡོད་པའི་ཀེ་རུབ་གཉིས་ཁ་སྐྱུར་པོའི་ཤིང་ལས་བཟོས་ཏེ། ༢༤ ཀེ་རུབ་གཅིག་གི་ཤོག་པའི་རིང་དུ་ཁྲུ་ལྔ་དང་། ཀེ་རུབ་གཞན་གྱི་ཤོག་པའི་རིང་དུ་ཁྲུ་ལྔ་སྟེ། ཤོག་པ་གཅིག་གི་སྣེ་མོ་ནས་ཤོག་པ་གཞན་དེའི་སྣེ་མོའི་བར་ནི་ཁྲུ་བཅུ་དང་། ༢༥ གཞན་ཀེ་རུབ་དེ་ཡང་ཁྲུ་བཅུ་རང་ཡོད་དེ། ཀེ་རུབ་གཉིས་ཀྱི་ཚད་དང་དབྱིབས་གཅིག་པ་ཡོད་པ་ཡིན། ༢༦ ཀེ་རུབ་གཅིག་གི་མཐོ་ཁྱད་དུ་ཁྲུ་བཅུ་དང་། གཞན་དེའི་མཐོ་ཁྱད་དུ་ཡང་ཁྲུ་བཅུ་ཡོད་པ་ཡིན། ༢༧ ཁོང་གིས་ཀེ་རུབ་དེ་གཉིས་ནི་ཁུལ་མའི་ཁང་མིག་གི་དབུས་སུ་བཞག་སྟེ། དེ་དག་གི་ཤོག་པ་བརྐྱངས་ཏེ་ཡོད་པས། གཅིག་གི་ཤོག་པས་རྩིག་པ་ལོགས་གཅིག་དང་། ཀེ་རུབ་གཞན་དེའི་ཤོག་པས་རྩིག་པ་ལོགས་གཅིག་ལ་རེག་ཅིང་། ཁྱིམ་གྱི་དཀྱིལ་ན་དེ་དག་གི་ཤོག་པ་འཛོམ་ནས་ཡོད་པ་ཡིན། ༢༨ ཀེ་རུབ་གཉིས་ཀ་གསེར་གྱིས་བཏུམ་མོ༎
༢༩ ཡང་ཕོ་བྲང་གི་ཕྱི་ནང་གཉིས་ཀྱི་རྩིག་པ་ཐམས་ཅད་བསྐོར་ཏེ། ཀེ་རུབ་དང་། ཁ་ཟུར་ཤིང་དང་། མེ་ཏོག་འཛུམ་པ་རྣམས་ཀྱི་རྣམ་འགྱུར་དུ་བརྐོས་ནས་བཟོས་སོ། ༣༠ ཁྱིམ་གྱི་ཤེན་ཕྱི་ནང་གཉིས་པོ་གསེར་གྱིས་བཀབ་བོ༎
༣༡ ཡང་ཁོང་གིས་སྦུགས་མའི་ཁང་མིག་གི་སྒོ་ཡི་ཕྱིར། ཁ་སྐྱུར་པོའི་ཤིང་ལས་སྒོ་གླེགས་བཟོས་པ་དང་། ཡ་ཐེམ་དང་རི་བཞིའི་ཞེང་དུ་རྩིག་པའི་ལྔ་ཆ་གཅིག་ཡོད་པ་ཡིན། ༣༢ སྒོ་གླེགས་གཉིས་ཀ་ཁ་སྐྱུར་པོའི་ཤིང་ལས་བཟོས་ཏེ། ཁོང་གིས་དེ་གཉིས་ཀྱི་ཁར་ཀེ་རུབ་དང་། ཁ་ཟུར་ཤིང་དང་། མེ་ཏོག་འཛུམ་པ་རྣམས་ཀྱི་རྣམ་འགྱུར་དུ་བརྐོས་ནས། དེ་དག་གསེར་གྱིས་བཏུམ་སྟེ། ཀེ་རུབ་གཉིས་དང་། ཁ་ཟུར་ཤིང་རྣམས་གསེར་གྱིས་བཀབ་བོ༎
༣༣ དེ་བཞིན་དུ་ཁོང་གིས་མཆོད་ཁང་གི་སྒོའི་ཡ་ཐེམ་དང་རི་བཞི་གྲུ་བཞི་ཡོད་པ་རྣམས་ཀྱང་ཁ་སྐྱུར་པོའི་ཤིང་ལས་བཟོས་སོ། ༣༤ སྒོ་གླེགས་གཉིས་ནི་ཐང་ཤིང་ལས་ཡོད་དེ། སྒོ་གླེགས་གཅིག་ལ་འཁོར་མིག་གིས་འཁོར་བའི་ཁག་གཉིས་ཡོད་དེ། སྒོ་གླེགས་གཞན་དེ་ལའང་འཁོར་མིག་གིས་འཁོར་བའི་ཁག་གཉིས་ཡོད་པ་ཡིན། ༣༥ ཡང་དེ་ཐམས་ཅད་ཀྱི་ཁར་ཁོང་གིས་ཀེ་རུབ་དང་། ཁ་ཟུར་ཤིང་དང་། མེ་ཏོག་འཛུམ་པ་རྣམས་ཀྱི་རྣམ་འགྱུར་དུ་བརྐོས་ནས། བརྐོས་པའི་དབྱིབས་བཞིན་དུ་གསེར་གྱིས་བཀབ་བོ། ༣༦ ཡང་ཁོང་གིས་ཚོམས་ནང་མའི་རྩིག་པ་ནི་བཟོ་བཏོན་པའི་རྡོ་ལས་རྡོ་གྲལ་གསུམ་དང་། འགྱམ་ཤིང་གི་རྐེད་ཤིང་རིམ་པ་གཅིག་བཅས་བརྩིགས་སོ༎
༣༧ ལོ་བཞི་པའི་ཟླ་བ་ཟིབ་ཀྱི་དུས་སུ་ཡ་ཧོ་ཝཱའི་ཕོ་བྲང་གི་རྨང་བཏིང་ནས། ༣༨ ལོ་བཅུ་གཅིག་པའི་བུལ་ཟླ་བའམ། ཟླ་བ་བརྒྱད་པའི་དུས་སུ། ཕོ་བྲང་དེའི་ཡོ་བྱད་ཀུན་དང་། དཔེ་ཐམས་ཅད་ཁོ་ན་བཞིན་དུ་གྲུབ་པས་ན། ཁོང་གིས་ལོ་ངོ་བདུན་དུ་མཁར་ལས་མཛད་པའོ༎