དེ་ནས་ཚོར་གྱི་རྒྱལ་པོ་ཧི་རམ་གྱིས་རང་གི་བྲན་གཡོག་རྣམས་ཤ་ལོ་མོའི་དྲུང་དུ་བརྫངས་སོ། ཅིའི་ཕྱིར་ཞེ་ན། དེས་ནི། ཁོང་ཕའི་ཚབ་ཏུ་རྒྱལ་པོར་བྱུགས་པར་ཐོས་སོ། ཧི་རམ་ནི་དུས་རྒྱུན་དུ་དཱ་བིད་ཀྱི་མཛའ་བོ་ཡོད་པ་ཡིན།  དེ་ནས་ཤ་ལོ་མོས་ཧི་རམ་ལ་འདི་སྐད་དུ།  ངའི་ཡབ་དཱ་བིད་ཀྱིས་ཡ་ཧོ་ཝཱ་ཉིད་ཀྱི་དཀོན་མཆོག་གི་མཚན་ལ་ཕོ་བྲང་ཞིག་བཞེང་བར་མ་ནུས་སོ། གང་ལ་ཞེ་ན། ཡ་ཧོ་ཝཱས་དགྲ་རྣམས་ཁོང་གི་ཞབས་མཐིལ་གྱི་འོག་ཏུ་མ་བཅུག་པའི་བར་དུ་ཁོང་ལ་ཕྱོགས་བཞི་ནས་དམག་ཐོན་པའི་རྒྱུས་ཁྱེད་ལ་ཡོད་ཀྱི།  ད་ཡ་ཧོ་ཝཱ་ངའི་དཀོན་མཆོག་གིས་ང་ལ་ཕྱོགས་བཞི་ལས་དུས་བདེ་གནང་བས། ང་ལ་དགྲ་དང་བར་ཆད་མེད་དོ།  ད་གཟིགས་ཤིག ཡ་ཧོ་ཝཱས་ངའི་ཡབ་དཱ་བིད་ལ་འདི་སྐད་དུ། ངས་ཁྱོད་ཀྱི་ཚབ་ཏུ་ཁྱོད་ཀྱི་བུ་རྒྱལ་ཁྲིར་གདེག་པ་དེས་ངའི་མཚན་གྱི་ཕོ་བྲང་ཞིག་བཞེང་བར་བྱ། ཞེས་གསུངས་པ་བཞིན་དུ། ངས་ཡ་ཧོ་ཝཱ་རང་གི་དཀོན་མཆོག་གི་མཚན་གྱི་ཕོ་བྲང་ཞིག་བཞེང་བའི་འདུན་པ་བྱེད་པས།  ད་ཁྱེད་ཀྱིས་ངའི་དོན་དུ་ལི་བ་ནོན་རི་ནས་འགྱམ་ཤིང་གཅོད་པའི་བཀའ་གནོང་ཞིག ཡང་ངའི་གཡོག་པོ་རྣམས་ནི་ཁྱེད་ཀྱི་གཡོག་པོ་རྣམས་དང་མཉམ་དུ་སོང་སྟེ། ངས་ཁྱེད་ལ་ཁྱེད་ཀྱི་གཡོག་པོ་རྣམས་ཀྱི་ལས་སྣ་ཚོགས་ཀྱི་ལག་གླ་ཁྱེད་ཀྱིས་གང་བཅད་པ་བཞིན་དུ་སྟེར་བར་བྱ། ཅིའི་ཕྱིར་ཞེ་ན། ང་རྣམས་ཀྱི་ཁྲོད་དུ་ཚི་དོན་པ་དང་འདྲ་བར་གདུང་མ་གཅོད་ཤེས་པ་གཅིག་ཀྱང་མེད་པར་ཁྱེད་ཀྱིས་མཁྱེན་ནོ། ཞེས་སྦྲན་ནོ༎
 ཧི་རམ་གྱིས་ཤ་ལོ་མོའི་ཕྲིན་ཐོས་པ་ཙམ་གྱིས། ཡི་རངས་ཤིང་འདི་སྐད་དུ། མི་ཚོགས་འདི་འདྲ་ཆེན་པོའི་རྗེ་བོར་འགྱུར་བའི་སླད་དུ། དཱ་བིད་ལ་འདི་འདྲའི་སྲས་ཤེས་རབ་ཅན་གནང་བས་ན། ཉིན་མོ་དེ་རིང་ཡ་ཧོ་ཝཱ་ལ་བཀྲ་ཤིས་ཤོག ཅེས་སྨྲས་སོ།  དེ་ནས་ཧི་རམ་གྱིས་ཤ་ལོ་མོ་ལ་ཕྲིན་སྐུར་ཞིང་དེ་ལ། ཁྱེད་ཀྱིས་བདག་ལས་བཞེས་འདོད་ཐམས་ཅད་གོ་བས་ན། ཁྱེད་ཀྱི་ཐུགས་འདོད་ནང་བཞིན་དུ་འགྱམ་ཤིང་དང་ཐང་ཤིང་གི་གདུང་མའི་གྲལ་བྱེད་ངེས།  ངའི་བྲན་གཡོག་རྣམས་ཀྱིས་ཤིང་དེ་ལི་བ་ནོན་ནས་རྒྱ་མཚོའི་འགྲམ་དུ་འབེབས་པར་བྱ། ངས་དེ་དག་ལ་འབིབས་བྱེད་དུ་བཅུག་ནས། ཆུ་ཐོག་ཏུ་ཁྱེད་ཀྱིས་བསྒོ་བའི་གནས་ཀྱི་བར་དུ་སྐྱེལ་བ་དང་། དེར་ཁྱེད་ལ་དེ་དག་རྙེད་པའི་ཕྱིར་འབོགས་པར་བྱ། ཡང་ཁྱེད་ཀྱིས་ངའི་བྲན་གཡོག་རྣམས་ལ་འཚོ་ཆས་གནང་ཞིང་། ངའི་འདོད་པ་བཞིན་དུ་བསྒྲུབ་པར་གཟིགས་ཤིག ༡༠ དེའང་ཧི་རམ་གྱིས་ཤ་ལོ་མོའི་འདོད་པ་ཐམས་ཅད་བཞིན་དུ་ཁོང་ལ་འགྱམ་ཤིང་དང་ཐང་ཤིང་བཏང་བ་དང་། ༡༡ ཤ་ལོ་མོས་ཧི་རམ་གྱི་བྲན་གཡོག་རྣམས་ཀྱི་འཚོ་ཆས་ཕྱིར་གྲོ་ཁལ་སྟོང་ཕྲག་ཉི་ཤུ་དང་། འབྲུ་མར་ཁལ་ཉི་ཤུ་བཏང་ངོ་། དེ་བཞིན་དུ་ཤ་ལོ་མོས་ཧི་རམ་ལ་ལོ་ལྟར་བསྟེར་ཏོ། ༡༢ ཡང་ཡ་ཧོ་ཝཱས་ཤ་ལོ་མོ་ལ་ཞལ་གྱིས་བཞེས་པ་བཞིན་དུ་ཤེས་རབ་གནང་སྟེ། ཧེ་རམ་དང་ཤ་ལོ་མོ་གཉིས་ཀྱི་བར་ན་བཟང་མཚམས་ཡོད་པས། དེ་གཉིས་ཀྱིས་ཕན་ཚུན་ཆད་དོན་བྱས་སོ༎
༡༣ དེ་ནས་རྒྱལ་པོ་ཤ་ལོ་མོས་ཨིས་ར་ཨེལ་ཐམས་ཅད་ལ་ཁྲལ་བཀལ་ཏེ། མི་སྟོང་ཚོ་སུམ་ཅུ་ཁྲལ་ཕྱིར་འོངས་པ་ལས། ༡༤ ཁོང་གིས་དེ་དག་ལས་རེས་བཞིན་དུ་ཟླ་བ་རེ་ལ་མི་སྟོང་ཚོ་བཅུ་ལི་བ་ནོན་དུ་བཏང་བས། དེ་དག་ཟླ་གཅིག་ལི་བ་ནོན་དང་། ཟླ་གཉིས་ཁང་པར་བསྡད་དོ། ཨ་དོ་ནི་རམ་ནི་ཁྲལ་པ་དེ་རྣམས་ཀྱི་དེད་དཔོན་ཡིན་ཏེ། ༡༥ རི་རྣམས་ན་ཤ་ལོ་མོའི་ཁུར་པ་སྟོང་ཕྲག་བདུན་ཅུ་དང་། རྡོ་བརྐོ་མཁན་སྟོང་ཕྲག་བརྒྱད་ཅུ་ཡོད་པ་ཡིན། ༡༦ དེ་མ་གཏོགས་པར། ཤ་ལོ་མོ་ལ་གཏོགས་པའི་དཔོན་པོ་རྣམས་ལས། ལས་ལ་བལྟ་བའི་ལྡིང་དཔོན་སུམ་སྟོང་སུམ་བརྒྱ་ཡོད་པ་ཡིན། ༡༧ ཡང་རྒྱལ་པོས་བཀའ་གནང་བས། དེ་དག་གིས་ཁྱིམ་གྱི་རྨང་འདིང་བའི་ཕྱིར། རྡོ་བ་ཤིན་ཏུ་ཆེ་བ་དང་རིན་ཆེ་བ་བཏོན་ནས་བརྐོས་བརྒྱབ་བོ། ༡༨ ཡང་ཤ་ལོ་མོའི་རྩིག་དཔོན་དང་། ཧི་རམ་གྱི་རྩིག་དཔོན་དང་། གེ་བལ་པ་རྣམས་ཀྱིས་རྡོ་རྣམས་བཞོག་ནས། ཕོ་བྲང་བཞེང་དུ་གདུང་མ་དང་རྡོ་བ་རྣམས་བཅོས་སོ༎