༤
དེ་ལྟར་ཤ་ལོ་མོ་་ཨིས་ར་ཨེལ་ཡོངས་ཀྱི་རྒྱལ་པོར་གྱུར་ཏོ། ༢ ཁོང་ལ་ཡོད་པའི་དཔོན་པོ་རྣམས་འདི་ལྟ་སྟེ། ཙ་དོག་གི་བུ་ཨ་ཟར་ཡཱ་ནི་བླ་མ་དང་། ༣ ཤི་ཤཱ་ཡི་བུ་ཨེ་ལི་ཧོ་རེབ་དང་ཨ་ཧི་ཡཱ་གཉིས་དྲུང་ཡིག་དང་། ཨ་ཧི་ལུད་ཀྱི་བུ་ཡེ་ཧོ་ཤ་ཕད་ལོ་རྒྱུས་འབྲི་མཁན་དང་། ༤ ཡེ་ཧོ་ཡ་དཱ་ཡི་བུ་བེ་ནཱ་ཡཱ་དམག་དཔོན་དང་། ཙ་དོག་དང་ཨབ་ཡ་ཐར་བླ་མ་དང་། ༥ ནཱ་ཐན་གྱི་བུ་ཨ་ཟར་ཡཱ་དྲག་རིགས་རྣམས་ཀྱི་འགོ་བྱེད་དང་། ནཱ་ཐན་གྱི་བུ་ཟ་བུད་ནི་བླ་མ་དང་རྒྱལ་པོའི་མཛའ་བོ་ཡོད་པ་ཡིན། ༦ ཡང་ནང་གཉེར་དུ་ཨ་ཧི་ཤར་དང་། ཁྲལ་དཔོན་དུ་ཨབ་དཱ་ཡི་བུ་ཨ་དོ་ནི་རམ་བཞག་གོ།༧ ཡང་ཤ་ལོ་མོས་རྒྱལ་པོ་རང་དང་དེའི་ནང་མིའི་ཕྱིར་ཐབ་ཁ་བསྲབ་པའི་དོན་དུ་ཨིས་ར་ཨེལ་ཡུལ་ཀུན་ཏུ་ནང་སོ་བཅུ་གཉིས་བསྐོས་པས། ལོ་འཁོར་ནང་རེ་རེས་ཟླ་བ་རེ་བསྲབ་པ་ཡིན། ༨ དེ་དག་གི་མིང་རྣམས་འདི་ལྟ་སྟེ། ཨེབ་ར་ཨིམ་རི་ན་ཧུར་གྱི་བུ་དང་། ༩ མ་ཀས་དང་། ཤ་ཨལ་བིམ་དང་། བེད་ཤེ་མེས་དང་། ཨེ་ལོན་བེད་ཧ་ནན་གྱི་ཡུལ་ན་དེ་ཀེར་གྱི་བུ་དང་། ༡༠ ཨ་རུབ་བོད་ན་ཧེ་སེད་ཀྱི་བུ་སྟེ། སོ་ཀོ་དང་ཧེ་ཕེར་གྱི་ཡུལ་རྣམས་ཀྱང་དེའི་ཁོངས་སུ་གཏོགས་སོ། ༡༡ དཱོར་གྱི་རི་ཆུང་གི་ཡུལ་ཐམས་ཅད་ན་ཨ་བི་ནཱ་དབ་ཀྱི་བུ་སྟེ། དེའི་ཆུང་མར་ཤ་ལོ་མོའི་སྲས་མོ་ཏ་ཕད་ཡོད་པ་ཡིན། ༡༢ ཐ་ཨ་ནག་དང་། མེ་གིད་དོ་དང་། ཙ་རེ་ཐན་དང་འབྲེལ་བའི་ཡིས་རེ་ཨེལ་གྱི་གཤམ་ན་ཡོད་པའི་བེད་ཤེ་ཨན་ཐམས་ཅད་དང་། བེད་ཤེ་ཨན་ནས་བཟུང་སྟེ་ཡོག་ནེ་ཨམ་གྱི་ཕར་ཕྱོགས་ཀྱི་ཨ་བེལ་མེ་ཧོ་ལཱ་ཡི་བར་དུ་ཡོད་པ་རྣམས་ཨ་ཧི་ལུད་ཀྱི་བུ་བ་ཨ་ནཱ་ལ་གཏོགས་པའོ། ༡༣ གིལ་ཨད་པ་མ་ན་ཤེའི་བུ་ཡ་ཨིར་གྱི་གྲོང་ཁྱེར་རྣམས་དང་། བཱ་ཤན་གྱི་ཨར་གོབ་བམ། ནང་ལྕགས་རི་དང་ར་གན་གྱི་སྒོ་གཏན་དང་ལྡན་པའི་གྲོང་ཁྱེར་ཆེན་པོ་དྲུག་ཅུ་དང་། བཅས་པ་རྣམས་ནི་རཱ་མོད་གིལ་ཨད་པ་གེ་བེར་གྱི་བུ་ལ་གཏོགས་པའོ། ༡༤ མ་ཧ་ནཱ་ཨིམ་དུ་ཨིད་དོ་ཡི་བུ་ཨ་ཧི་ན་དབ་དང་། ༡༥ ནབ་ཐ་ལི་ན་ཨ་ཧི་མ་ཨས་བྱ་བ་དེས་ཀྱང་ཤ་ལོ་མོའི་སྲས་མོ་བས་མད་བྱ་བ་ཆུང་མར་བླངས་སོ། ༡༦ ཨ་ཤེར་དང་ཨ་ལོད་ན་ཧུ་ཤཱ་ཨི་ཡི་བུ་བ་ཨ་ནཱ་དང་། ༡༧ ཨི་ས་གར་ན་ཕ་རུ་ཨ་ཡི་བུ་ཡེ་ཧོ་ཤ་ཕད་དང་། ༡༨ བེན་ཡ་མིན་དུ་ཨེ་ལཱ་ཡི་བུ་ཤི་མེ་ཨི་དང་། ༡༩ གིལ་ཨད་ཡུལ་དུ་ཨུ་རིའི་བུ་གེ་བེར། དེའི་ཁོངས་སུ་ཨ་མོར་གྱི་རྒྱལ་པོ་སི་ཧོན་དང་བཱ་ཤན་གྱི་རྒྱལ་པོ་ཨོག་གི་ཡུལ་རྣམས་ཡོད་ཅིང་། ཡུལ་དེ་ན་ཁོ་ལས་གཞན་དཔོན་པོ་མེད་པ་ཡིན།
༢༠ ཡ་ཧུ་དཱ་དང་ཨིས་ར་ཨེལ་གཉིས་ན་མི་མང་དྲགས་ཤིང་རྒྱ་མཚོའི་འགྲམ་གྱི་བྱེ་མའི་ཚོགས་དང་འདྲ་བས། ཟ་ཞིང་འཐུང་ཞིང་སྐྱིད་པོ་བྱས་སོ། ༢༡ ཤ་ལོ་མོས་གཙང་པོ་ནས་བཟུང་སྟེ། ཕེ་ལེ་ཤེད་པའི་ཡུལ་དང་མི་སེར་ཡུལ་གྱི་ས་མཚམས་ཀྱི་བར་དུ་སྲིད་མཛད་ཅིང་། དེ་དག་གིས་ཁོང་ལ་གཟིགས་རྟེན་འབུལ་ཞིང་། ཤ་ལོ་མོའི་སྐུ་ཚེ་གང་པོར་ཁོང་ལ་ཞབས་ཏོག་བྱས་སོ༎
༢༢ ཡང་ཤ་ལོ་མོའི་ཉིན་རེའི་བཤོས་ནི། བག་ཕྱེ་ཞིབ་མོ་ཁལ་སུམ་ཅུ་དང་། གཞན་བག་ཕྱེ་ཁལ་དྲུག་ཅུ་དང་། ༢༣ གླང་ཚོན་པོ་བཅུ་དང་། ཁྱུ་མའི་ནང་ནས་གླང་ཉི་ཤུ་དང་། ལུག་བརྒྱ། དེ་རྣམས་མ་གཏོགས་པར་ཤ་བ་རུ་བཅུ་དང་། རི་དྭགས་དང་། གནའ་བ་དང་། ཁྱིམ་བྱ་རྣམས་སོ། ༢༤ དེ་ཅིའི་ཕྱིར་ཞེ་ན། ཁོང་གིས་གཙང་པོའི་ཚུ་རོལ་དུ་ཏིབ་སཱ་ནས་ག་ཟཱ་དང་། གཙང་པོའི་ཕ་རོལ་གྱི་རྒྱལ་པོ་རྣམས་ལ་སྲིད་བྱས་ཏེ། དེའི་ཕྱོགས་བཞིར་ཡོད་པ་རྣམས་དང་བཟང་མཚམས་ཡོད་པ་ཡིན། ༢༥ ཤ་ལོ་མོའི་ཚེའི་དུས་ཐམས་ཅད་དུ་དཱན་ནས་བེ་ཨེར་ཤེ་བཱ་ཡི་བར་དུ། ཡ་ཧུ་དཱ་དང་ཨིས་ར་ཨེལ་གྱི་མི་རྣམས་རེ་རང་གི་རྒུན་ཤིང་དང་སེ་ཡབ་ཤིང་གི་ལྐོག་ཏུ་བདེ་བར་གནས་སོ། ༢༦ ཤ་ལོ་མོའི་ཤིང་རྟའི་ཕྱིར་རྟ་ཟུང་སྟོང་ཕྲག་བཞི་བཅུ་དང་། བཞོན་རྟ་སྟོང་ཕྲག་བཅུ་གཉིས་ཡོད་པ་ཡིན། ༢༧ ཡང་ནང་སོ་དེ་དག་གིས་རེ་རང་གི་རེས་ཀྱི་ཟླ་ནང་དུ་རྒྱལ་པོ་ཤ་ལོ་མོ་དང་། རྒྱལ་པོ་ཤ་ལོ་མོའི་གསོལ་ལྕོག་ལས་ཟ་རུ་འོངས་པ་རྣམས་ཀྱི་ཕྱིར་བཤོས་ཕུལ་ཏེ། འཚོ་ཆས་ལས་ཅིའང་མ་ཆད་པར་དྲངས་སོ། ༢༨ ཡང་དེ་དག་གིས་རེ་རང་གི་ལས་ཁག་བཞིན་དུ། ཁོང་གར་བཞུགས་པའི་སར་རྟ་དྲེལ་རྣམས་ཀྱི་ཕྱིར་ནས་དང་ཕུབ་མ་དྲངས་སོ༎
༢༩ ཡང་དཀོན་མཆོག་གིས་ཤ་ལོ་མོ་ལ་ཤེས་རབ་དང་། རིག་པ་ཤིན་ཏུ་མང་པོ་དང་། རྒྱ་མཚོའི་འགྲམ་གྱི་བྱེ་མ་ལྟ་བུའི་ཐུགས་རྒྱ་ཆེ་བ་ཡང་གནང་བས། ༣༠ ཤར་ཕྱོགས་ཀྱི་བུ་རྣམས་ཀྱི་ཤེས་རབ་དང་། མི་སེར་གྱི་ཤེས་རབ་ཀུན་ལས། ཤ་ལོ་མོའི་ཤེས་རབ་འཐལ་བར་གྱུར་ཏོ། ༣༡ གང་ལ་ཞེ་ན། ཁོང་ནི་མི་ཐམས་ཅད་དང་། ཨེས་ར་ཧི་པ་ཨེ་ཐན་དང་། ཧེ་མཱན་དང་། ཁལ་ཀོལ་དང་། མ་ཧོལ་གྱི་བུ་དར་དཱ་རྣམས་ལས་ཀྱང་མཁས་པས། ཕྱོགས་བཞིའི་མི་བརྒྱུད་རྣམས་ཀྱི་ནང་ན་ཁོང་གི་གྲགས་པ་དར་ཏོ། ༣༢ ཁོང་གིས་གསུངས་པའི་གསུང་དཔེ་སྟོང་ཕྲག་གསུམ་དང་། ཁོང་གི་མགུར་མའི་གྲངས་ནི་ཆིག་སྟོང་དང་ལྔའོ། ༣༣ ཡང་ཁོང་གིས་ལི་བ་ནོན་རིའི་འགྱམ་ཤིང་ནས་བཟུང་སྟེ། རྩིག་པར་སྐྱེ་བའི་ཨི་སོབ་ཀྱི་བར་གྱི་ཤིང་གི་ལེགས་བཤད་དང་། དུད་འགྲོ་དང་། འདབ་ཆགས་དང་། ལྟོ་འགྲོ་དང་། ཉ་རྣམས་ཀྱི་ལེགས་བཤད་ཀྱང་གསུངས་སོ། ༣༤ ཤ་ལོ་མོའི་རིག་པ་ལ་ཉན་པའི་ཕྱིར་མི་བརྒྱུད་ཐམས་ཅད་ཀྱི་ཁྲོད་ལས་མི་མང་པོ་དང་། རྒྱལ་པོ་ཐམས་ཅད་ཀྱི་ཕྱོགས་ནས་ཁོང་གི་ཤེས་རབ་ཀྱི་སྙན་གྲགས་ཐོས་པ་རྣམས་འོངས་སོ༎