ཡ་ཧོ་ཝཱས་ཨེ་ལི་ཡཱ་ནི་རླུང་ཚུབ་རྒྱུད་ནས་ནམ་མཁའ་ལ་འདྲེན་པར་དགྱེས་པའི་ཚེ་ན། ཨེ་ལི་ཡཱ་ནི་ཨེ་ལི་ཤཱ་དང་བཅས་སུ་གིལ་གལ་ནས་ཆས་ཏེ།  ཨེ་ལི་ཡཱས་ཨེ་ལི་ཤཱ་ལ། ཡ་ཧོ་ཝཱས་བདག་བེད་ཨེལ་དུ་མངགས་པས། ཁྱོད་འདིར་སྒུག་སྡོད་ཅིག ཅེས་བསྒོ་ཡང་། ཨེ་ལི་ཤཱས་དེ་ལ། ཡ་ཧོ་ཝཱས་སྣམས་ཤིག ང་ནི་ཁྱེད་དང་འབྲལ་བར་མི་བྱའོ། ཞེས་ཞུས་ནས། དེ་གཉིས་མར་བེད་ཨེལ་དུ་སོང་བ་དང་།  ཡང་བེད་ཨེལ་དུ་ཡོད་པའི་ལུང་སྟོན་པའི་བུ་རྣམས་འཐོན་ཏེ། ཨེ་ལི་ཤཱའི་དྲུང་དུ་འོངས་ནས་དེ་ལ། ཡ་ཧོ་ཝཱས་དེ་རིང་གི་ཉིན་པར་ཁྱེད་ཀྱི་མགོ་ཐོག་ལས་ཁྱེད་རང་གི་ཇོ་བོ་ནི་འཁྱེར་བར་མཛད་པའི་ཆ་ཡོད་དམ། ཞེས་འདྲིས་པས། དེས། འོ་ན། ང་ལ་ཆ་ཡོད། ཁ་རོག་སྡོད་ཅིག སྨྲས་སོ༎
 ཡང་ཨེ་ལི་ཡཱས་དེ་ལ། ཀྱེ་ཨེ་ལི་ཤཱ། ཡ་ཧོ་ཝཱས་བདག་ཡེ་རི་ཀོ་རུ་མངགས་པས། ཁྱོད་འདིར་སྒུག་སྡོད་ཅིག ཅེས་བསྒོ་ཡང་། ཨེ་ལི་ཤཱས་དེ་ལ། ཡ་ཧོ་ཝཱས་སྣམས་ཤིག ང་ནི་ཁྱོད་དང་འབྲལ་བར་མི་བྱའོ། ཞེས་ཞུས་ནས། དེ་གཉིས་ཡེ་རི་ཀོ་རུ་ཕྱིན་པ་དང་།  ཡེ་རི་ཀོ་རུ་ཡོད་པའི་ལུང་སྟོན་པའི་བུ་རྣམས་ཐོན་ཏེ། ཨེ་ལི་ཤཱའི་དྲུང་དུ་འོངས་ནས་དེ་ལ། ཡ་ཧོ་ཝཱས་དེ་རིང་གི་ཉིན་པར་ཁྱེད་ཀྱི་མགོ་ཐོག་ལས་ཁྱེད་རང་གི་ཇོ་བོ་ནི་འཁྱེར་བར་མཛད་པའི་ཆ་ཡོད་དམ། ཞེས་དྲིས་པས། དེས་འོ་ན། ང་ལ་ཆ་ཡོད། ཁ་རོག་སྡོད་ཅིག སྨྲས་སོ༎
 ཡང་ཨེ་ལི་ཡཱས་དེ་ལ། ཡ་ཧོ་ཝཱས་བདག་ཡོར་དན་དུ་མངགས་པས། ཁྱོད་འདིར་སྒུག་སྡོད་ཅིག ཅེས་བསྒོ་ཡང་། ཨེ་ལི་ཤཱས་དེ་ལ། ཡ་ཧོ་ཝཱས་སྣམས་ཤིག ང་ནི་ཁྱེད་དང་འབྲལ་བར་མི་བྱའོ། ཞེས་ཞུས་ནས། དེ་གཉིས་མཉམ་དུ་ཆས་པ་ལས།  ལུང་སྟོན་པའི་བུ་རྣམས་ལས་མི་ལྔ་བཅུ་དེ་གཉིས་ཀྱི་ཕྱི་བཞིན་འོངས་ནས། རྒྱང་མ་ནས་ལྟ་རུ་ལངས་ནས་བསྡད་དོ། དེ་གཉིས་ནི་ཡོར་དན་གྱི་འགྲམ་དུ་ལངས་ནས།  ཨེ་ལི་ཡཱས་རང་གི་གཟན་དེ་བླངས་ནས། བལྟབས་ཏེ། ཆུ་ལ་བརྒྱབས་པ་དང་། ཆུ་དེ་ཡར་མར་ཁག་གཉིས་སུ་གྱེས་སོང་བས། དེ་གཉིས་ནི་ས་སྐམ་གྱི་ཐོག་ནས་ཕ་རོལ་ཏུ་ཕྱིན་ཏོ༎
 དེ་གཉིས་ཕ་རོལ་ཏུ་ཕྱིན་པའི་ཚེ། ཨེ་ལི་ཡཱས་ཨེ་ལི་ཤཱ་ལ། ང་ལས་ཅི་འདོད་པ་དེ་ང་ཁྱོད་ལས་མ་འཕྲལ་གོང་དུ་གཤེར་བར་བྱོས་ཤིག ཅེས་བསྒོ་བས། ཨེ་ལི་ཤཱས། ཁྱེད་ཀྱི་ཐུགས་ཉིད་ཀྱི་ཆ་ཉིས་ལྡབ་བདག་ལ་ཐོབ་ཏུ་གནོང་ཞིག ཅེས་གསོལ་པ་དང་། ༡༠ ཁོང་གིས་དེ་ལ། ཁྱོད་ཀྱིས་དཀའ་བ་ཞིག་གཤེར་བས། གལ་ཏེ་ཁྱོད་ཀྱིས་ང་ཁྱོད་ལས་འཕྲལ་བ་དེ་མཐོང་བར་འགྱུར་ན། དེ་བཞིན་དུ་འབྱུང་བར་འགྱུར་གྱིས། གལ་ཏེ་མཐོང་བར་མི་འགྱུར་ན། དེ་བཞིན་དུ་འབྱུང་བར་མི་འགྱུར་རོ། ཞེས་སྨྲས་སོ༎
༡༡ དེའི་འོག་ཏུ་དེ་གཉིས་འགྲུལ་ཞིང་གླེང་མོ་བྱེད་འཕྲོ་ལ། ཀྱེ་ཧོ། མེའི་ཤིང་རྟ་འཁོར་ལོ་དང་། མེའི་རྟ་རྣམས་ཀྱིས་དེ་གཉིས་སོ་སོར་ཕྲལ་ཏེ། ཨེ་ལི་ཡཱ་སྐོར་རླུང་རྒྱུད་ནས་ནམ་མཁར་སོང་བ་ལས། ༡༢ ཨེ་ལི་ཤཱས་དེ་མཐོང་ནས། སྐད་ཆེན་པོས། ངའི་ཡབ་ལགས། ངའི་ཡབ་ལགས། ཨིས་ར་ཨེལ་གྱི་ཤིང་རྟ་དང་རྟ་པ་རྣམས། ཞེས་སྨྲས་ཤིང་བོས་པ་ལས། སླར་དེས་ཁོང་མ་མཐོང་བས།
རང་གི་གོས་ལ་འཐམས་ནས། ཁག་གཉིས་སུ་བཤགས་སོ། ༡༣ དེ་ནས་དེས་ཨེ་ལི་ཡཱ་ལས་གྲིལ་བའི་གཟན་དེ་ཐོགས་ནས། ཕྱིར་ལོག་འོངས་ཏེ། ཡོར་དན་གྱི་འགྲམ་དུ་ལངས་ནས། ༡༤ ཨེ་ལི་ཡཱ་ལས་གྲིལ་བའི་གཟན་དེ་ཆུ་ལ་རྒྱབ་ཅིང་། ཨེ་ལི་ཡཱའི་དཀོན་མཆོག་ཡ་ཧོ་ཝཱ་ག་ན་བཞུགས། ཞེས་སྨྲས་ཤིང་ཆུ་ལ་བརྒྱབས་པས། ཆུ་དེ་ཡར་མར་དུ་གྱེས་ནས། ཨེ་ལི་ཤཱ་ཚུ་རོལ་ཏུ་བྱོན་ནོ༎
༡༥ ཡེ་རི་ཀོ་རུ་ཡོད་པའི་ལུང་སྟོན་པའི་བུ་རྣམས་ཀྱིས་དེ་ལྟར་བྱུང་བར་ཕར་ཕྱོགས་ནས་མཐོང་བས། དེ་དག་གིས། ཨེ་ལི་ཡཱ་ཡི་ཐུགས་ཉིད་ནི་ཨེ་ལི་ཤཱའི་ཐོག་ཏུ་བབས་པ་ལགས་སོ། ཞེས་སྨྲས་ནས། མཇལ་དུ་ཕྱིན་ནས། དེའི་དྲུང་དུ་ལུས་ས་ལ་བརྡབས་ནས་ཕྱག་བཙལ་ཏེ་ཁོང་ལ། ༡༦ ཡ་ཧོ་ཝཱའི་ཐུགས་ཉིད་ཀྱིས་ཁོང་ཡར་ཁྱེར་ནས། རིའམ་ལུང་པའི་མདོ་ཞིག་གི་ནང་དུ་སྐྱུར་བའང་སྲིད། གཟིགས་ཤིག འདིར་ཁྱེད་ཀྱི་བྲན་པོའི་ནང་ནས་མི་སྟོབས་ཅན་ལྔ་བཅུ་ཡོད་པས། དེ་དག་ཁྱེད་ཀྱི་ཇོ་བོ་འཚོལ་བར་འགྲོར་གནོང་ཞིག ཅེས་ཞུས་ནས། ཁོང་གིས། མི་སུའང་མ་ཐོང་ཞིག་ཅེས་བསྒོ་རུང་། ༡༧ དེ་དག་གིས་ནན་གྱིས་ཞུས་པ་ལས། ཁོང་ངོ་ཚ་ནས། ཐོང་ཞིག གསུངས་པ་དང་། དེ་དག་གིས་མི་ལྔ་བཅུ་པོ་བཏང་ནས། དེ་རྣམས་ཀྱིས་ཉི་མ་གསུམ་གྱི་བར་དུ་བཙལ་ཀྱང་། མ་བརྙེད་དོ། ༡༨ ཨེ་ལི་ཤཱ་་ཡེ་རི་ཀོར་བཞུགས་པའི་ཚེ། དེ་དག་ཁོང་ག་ན་བར་ལོག་འོངས་པ་དང་། ཁོང་གིས་དེ་དག་ལ། ངས་ཁྱོད་ཅག་ལ་མ་འགྲོ། མ་ཟེར་རམ། གསུངས་སོ༎
༡༩ ཡང་གྲོང་ཁྱེར་དེའི་མི་རྣམས་ཀྱིས་ཨེ་ལི་ཤཱ་ལ། བདག་ཅག་གི་ཇོ་བོ་ལགས། གཟིགས་ཤིག གྲོང་ཁྱེར་འདི་ཆགས་པའི་ས་ཆ་ལེགས་པ་ནི་ཁྱེད་ཀྱིས་གཟིགས་ཀྱང་། ཆུ་ངན་པའི་སྟབས་ཀྱིས་འདིར་འབྲས་བུ་སྟོན་ཐོག་མི་འབྱུང་ངོ་ཞུས་པ་དང་། ༢༠ ཁོང་གིས། ང་ལ་བུམ་པ་གསར་པ་ཞིག་ཚྭ་བརྒྱང་ནས་ཁྱེར་ཤོག་ཅིག བསྒོ་བ་དང་། དེ་དག་གིས་ཕུལ་ཏོ། ༢༡ དེ་ནས་ཁོང་ཆུ་མིག་གི་རྩར་ཕེབས་ནས། དེའི་ནང་དུ་ཚྭ་འདེབས་ཤིང་འདི་སྐད་དུ། ཡ་ཧོ་ཝཱས་འདི་ལྟར་གསུང་། ངས་ཆུ་འདི་དག་བཟང་པོ་བྱས་པ་ཡིན། འདི་ནས་ཕྱིན་ཆད་ལ་འཆི་བའམ་ས་སྟོང་མི་འབྱུང་། ཞེས་གསུངས་པ་དང་། ༢༢ ཨེ་ལི་ཤཱའི་བཀའ་བཞིན་དུ་ཆུ་དེ་བཟང་པོར་གྱུར་ནས། དེ་རིང་གི་བར་དུ་ཡོད་དོ༎
༢༣ དེ་ནས་ཁོང་བེད་ཨེལ་དུ་ཡར་བྱོན་ཏེ། ཡར་ལམ་ལས་གྱེན་དུ་འཛེགས་པ་ལས། གྲོང་ཁྱེར་གྱི་ཕྲུ་གུ་ཆུང་བ་རྣམས་ཐོན་ནས་ཁོང་ལ། ཁྱོད་མགོ་ཐེར། ཁྱོད་མགོ་ཐེར། ཡར་སོང་ཞིག ཅེས་འབོད་ཅིང་ཁོང་ལ་ཁྲེལ་བས། ༢༤ ཁོང་གིས་ཕྱི་མིག་གཟིགས་ནས། དེ་དག་མཐོང་བ་དང་། ཡ་ཧོ་ཝཱའི་མཚན་ནང་དམོད་པ་བོར་བས། ནགས་ཁྲོད་ལས་དོམ་མོ་གཉིས་བྱུང་ནས། དེ་དག་གི་ནང་ནས་ཁྱེའུ་ཞེ་གཉིས་ཧྲལ་བར་བྱས་སོ། ༢༥ ཡང་ཁོང་དེ་ནས་ཀར་མེལ་གྱི་རི་ལ་ཕྱིན་ཏེ། དེ་ནས་ས་མར་ཡཱ་རུ་ལོག་གོ།