༣
ཡ་ཧུ་དཱའི་རྒྱལ་པོ་ཡེ་ཧོ་ཤ་ཕད་ཀྱིས་སྲིད་བྱེད་པའི་ལོ་བཅོ་བརྒྱད་པར། ཨ་ཧབ་ཀྱི་སྲས་ཡོ་རམ་ནི་ས་མར་ཡཱ་རུ་ཨིས་ར་ཨེལ་གྱི་རྒྱལ་པོར་གྱུར་ནས། ལོ་བཅུ་གཉིས་ཀྱི་རིང་དུ་རྒྱལ་སྲིད་བྱས་སོ། ༢ ཡ་ཧོ་ཝཱའི་སྤྱན་སྔར་ངན་པ་སྤྱད་ཀྱང་། རང་གི་ཕ་དང་མ་ལྟར་ངན་པ་མ་བྱས་སོ། ཅིའི་ཕྱིར་ཞེ་ན། རང་གི་ཕས་བཟོས་པའི་བ་ཨཱལ་གྱི་ཀ་བ་དེ་དེས་དོར་བར་བྱས་སོ། ༣ འོན་ཀྱང་ཨིས་ར་ཨེལ་ལ་ཉེས་སྡིག་བྱེད་དུ་བཅུག་པའི་ནེ་བཱད་ཀྱི་བུ་ཡེ་རོབ་ཨམ་གྱི་སྡིག་པ་ལ་འབྱར་ཏེ། དེ་དང་འབྲལ་བར་མ་གྱུར་ཏོ༎༤ ཡང་མོ་ཨབ་ཀྱི་རྒྱལ་པོ་མེ་ཤཱ་ནི་ལུག་གི་བདག་པོ་ཞིག་ཡིན་ཏེ། ཨིས་ར་ཨེལ་གྱི་རྒྱལ་པོ་ལ་དཔྱ་ཁྲལ་དུ་ལུ་གུ་འབུམ་ཚོ་གཅིག་དང་། ལུག་ཐུག་འབུམ་ཚོ་གཅིག་བལ་དང་བཅས་པ་འབུལ་གྱིན་ཡོད་པ་ལས། ༥ ཨ་ཧབ་ནི་ཚེ་འདས་པའི་དུས་སུ། མོ་ཨབ་པའི་རྒྱལ་པོས་ཨིས་ར་ཨེལ་གྱི་རྒྱལ་པོ་ལ་ངོ་ལོག་བྱས་སོ། ༦ དུས་དེ་ཉིད་དུ་རྒྱལ་པོ་ཡོ་རམ་ནི་ས་མར་ཡཱའི་ནང་ནས་ཐོན་ཏེ། ཨིས་ར་ཨེལ་པ་ཐམས་ཅད་ཀྱི་གྲངས་བརྩིས་ཏེ། ༧ ཡ་ཧུ་དཱའི་རྒྱལ་པོ་ཡེ་ཧོ་ཤ་ཕད་ལ་བང་ཆེན་བཏང་སྟེ་དེ་ལ། མོ་ཨབ་པའི་རྒྱལ་པོས་ང་ལ་ངོ་ལོག་བྱས་པས། ཁྱེད་ང་དང་མཉམ་དུ་མོ་ཨབ་པ་ལ་འཐབ་ཏུ་འགྲོ་བར་མི་བྱའམ། ཞེས་པའི་ལན་དུ་དེས། ང་དམག་ལ་འགྲོ་བར་བྱ། ང་ཁྱེད་དང་འདྲ་བ་སྟེ། ངའི་འབངས་ནི་ཁྱེད་ཀྱི་འབངས་དང་འདྲ། ངའི་རྟ་རྣམས་ཁྱེད་ཀྱི་རྟ་དང་འདྲའོ། ཞེས་ཕྲིན་ལན་བསྐུར་ཏོ། ༨ ཡང་དེས་ནི། ངེད་གང་ལམ་ནས་ཡར་འགྲོ། ཞེས་དྲིས་པའི་ལན་དུ་དེས། ཨེ་དོམ་གྱི་འབྲོག་སྟོང་གི་ལམ་རྒྱུད་ནས་འགྲོ་བར་བྱ། ཞེས་སྨྲས་པས།
༩ ཨིས་ར་ཨེལ་གྱི་རྒྱལ་པོ་དང་། ཡ་ཧུ་དཱའི་རྒྱལ་པོ་དང་། ཨེ་དོམ་གྱི་རྒྱལ་པོ་དང་གསུམ་ཐོན་ཏེ། ཞག་བདུན་གྱི་ལམ་ཀྱོག་ཅིག་ལས་སོང་བ་དང་། དེ་དག་གི་ཕྱི་བཞིན་འོང་བའི་དམག་དཔུང་དང་། དུད་འགྲོ་རྣམས་ལ་ཆུ་ཟད་པ་ལས། ༡༠ ཨིས་ར་ཨེལ་གྱི་རྒྱལ་པོས། ཀྱེ་མ། ཡ་ཧོ་ཝཱས་ངེད་རྒྱལ་པོ་གསུམ་པོ་མོ་ཨབ་པའི་ལག་ཏུ་གཏོད་པར་བཀུག་པ་ལགས་སོ། ཞེས་སྨྲས་པས། ༡༡ ཡེ་ཧོ་ཤ་ཕད་ཀྱིས། འདིར་ཡ་ཧོ་ཝཱ་ལས་ཐུགས་བརྟག་ཞུ་བར་ཡ་ཧོ་ཝཱའི་ལུང་སྟོན་པ་སུ་ཡང་མེད་དམ། བྱས་ནས། ཨིས་ར་ཨེལ་གྱི་རྒྱལ་པོའི་འཁོར་གྱི་ནང་ནས་གཅིག་གིས། ཤ་ཕད་ཀྱི་བུ་ཨེ་ལི་ཤཱ། ཨེ་ལི་ཡཱ་ཡི་ལག་ཆུ་བླུག་མཁན་དེ་འདི་ན་འདུག ཞུས་པས། ༡༢ ཡེ་ཧོ་ཤ་ཕད་ཀྱིས། ཁོང་གི་ནང་ན་ཡ་ཧོ་ཝཱའི་བཀའ་བཞུགས་སོ། སྨྲས་ནས། ཨིས་ར་ཨེལ་གྱི་རྒྱལ་པོ་དང་། ཡེ་ཧོ་ཤ་ཕད་དང་། ཨེ་དོམ་གྱི་རྒྱལ་པོ་དང་གསུམ་ཁོང་ག་ལ་བ་དེར་ཕྱིན་ཏོ༎
༡༣ ཨེ་ལི་ཤཱས་ཨིས་ར་ཨེལ་གྱི་རྒྱལ་པོ་ལ། ང་དང་ཁྱོད་ལ་བྲེལ་བ་ཅི་ཡོད། ཁྱོད་ཀྱི་ཕ་དང་མའི་ལྷ་པ་རྣམས་ཀྱི་རྩར་སོང་ཞིག གསུངས་ནས། ཨིས་ར་ཨེལ་གྱི་རྒྱལ་པོས། དེ་ལྟར་མ་གསུང་ཞིག ཡ་ཧོ་ཝཱས་བདག་ཅག་རྒྱལ་པོ་གསུམ་པོ་མོ་ཨབ་པའི་ལག་པར་གཏོད་དུ་བཀུག་པ་ཡིན། ཞེས་ཞུས་པས། ༡༤ ཨེ་ལི་ཤཱས། ང་གང་གི་སྤྱན་སྔར་འགྲེང་ཡོད་པའི་དཔུང་ཚོགས་ཀྱི་ཡ་ཧོ་ཝཱའི་གསོན་པ་ཉིད་ཀྱིས་བསྣམས་ཤིག གལ་སྲིད་ངས་ཡ་ཧུ་དཱའི་རྒྱལ་པོ་ཡེ་ཧོ་ཤ་ཕད་ཀྱི་ཞལ་ངོ་ལ་མི་བལྟ་ན། ངས་ཁྱོད་ཀྱི་ཕྱོགས་སུ་ལྟ་བ་ཡང་མི་བྱ། མིག་ཀྱང་མི་འདེགས། ༡༥ ད་སྒྲ་སྙན་དཀྲོག་མཁན་ཞིག་འདིར་ཁྲིད་ཤོག་བསྒོ་བ་དང་། སྒྲ་སྙན་དཀྲོག་མཁན་དེས་སྒྲ་སྙན་དཀྲོག་པ་ལས། ཁོང་གི་ཐོག་ཏུ་ཡ་ཧོ་ཝཱའི་ཕྱག་བབས་ནས། ༡༦ དེ་ན་རེ། ཡ་ཧོ་ཝཱས་འདི་སྐད་གསུང་། ལུང་པ་འདིར་རྫིང་རྐྱང་བྱོས་ཤིག ༡༧ གང་ལ་ཞེ་ན། ཡ་ཧོ་ཝཱས་འདི་སྐད་གསུང་། ཁྱོད་ཀྱིས་རླུང་ལང་བ་ཡང་མི་མཐོང་། ཆར་པ་འབབ་པའང་མི་མཐོང་བར། ཁྱོད་ཅག་དང་། ཁྱོད་ཅག་གི་དམག་དཔུང་དང་། དུད་འགྲོས་འཐུང་བའི་ཕྱིར། ལུང་པ་འདི་ཆུས་ཁེངས་པར་བྱའོ། ༡༨ འདི་ནི་ཡ་ཧོ་ཝཱའི་དྲུང་དུ་བྱ་བ་ཆུང་བ་ཞིག་སྟེ། ཁོང་གིས་མོ་ཨབ་པ་རྣམས་ཀྱང་ཁྱོད་ཅག་གི་ལག་ཏུ་གཏོད་པར་བྱ། ༡༩ ཁྱོད་ཚོས་གྲོང་ཁྱེར་བཙན་པོ་དང་། གྲོང་ཁྱེར་ལེགས་པ་ཐམས་ཅད་བཅག་སྟེ། རྩི་ཤིང་བཟང་པོ་ཐམས་ཅད་བསྙལ་ཏེ། ཆུའི་ཁྲོན་པ་ཐམས་ཅད་བསུབས་ནས། ཞིང་ལེགས་པ་ཐམས་ཅད་རྡོ་བས་ཁེངས་པར་བྱའོ། ཞེས་སྦྲན་ཏོ། ༢༠ དེའི་སང་སྦྱིན་སྲེག་གི་མཆོད་པ་འབུལ་དུས་སུ། ལྟོས་ཤིག ཨེ་དོམ་གྱི་ཕྱོགས་ནས་ཆུ་བརྡོལ་ནས། ཡུལ་ནི་ཆུས་ཁེངས་པར་གྱུར་ཏོ༎
༢༡ མོ་ཨབ་པ་རྣམས་ཀྱིས་རྒྱལ་པོ་དེ་དག་དམག་རྒྱབ་པར་འོངས་པར་ཐོས་པ་དང་། ཁྲབ་རྨོག་གོན་ཐུབ་པ་ཐམས་ཅད་དང་། ན་སོ་ཆེ་བ་རྣམས་ཀྱང་བསྡུས་ནས་ཐོན་ཏེ། ས་མཚམས་སུ་ལངས་ནས་བསྡད་པ་དང་། ༢༢ སྔ་དྲོ་ལངས་ནས། ཉི་མའི་མདངས་ཆུ་དེ་ལ་ཕོག་སྟབས་ཀྱིས། མོ་ཨབ་པས་ཚུ་རོལ་གྱི་ཆུ་ནི་ཁྲག་ལྟར་དམར་པོ་མཐོང་བས། ༢༣ དེ་རྣམས་ཀྱིས། འདི་ནི་ཁྲག་ཡིན་ཏེ། རྒྱལ་པོ་གསུམ་གྱིས་ནང་འཁྲུག་བརྒྱབས་ནས། གཅིག་གིས་གཅིག་ངེས་པར་བསད། ད་དེའི་ཕྱིར། ཀྱེ་མོ་ཨབ་པ་རྣམས། རྒྱུགས་ནས། འཕྲོག་བཅོམ་བྱེད་དུ་སོང་ཞིག ཅེས་སྨྲས་པས། ༢༤ དེ་རྣམས་ཨིས་ར་ཨེལ་གྱི་དམག་སྒར་དུ་ཕྱིན་པའི་ཚེ། ཨིས་ར་ཨེལ་པ་རྣམས་ལངས་ནས། མོ་ཨབ་པ་རྣམས་དེ་དག་གི་ངོ་ལས་མ་འབྲོས་པའི་བར་དུ་བསད་དེ། མོ་ཨབ་པ་རྣམས་གསོད་ཀྱིན། དེ་རྣམས་ཀྱི་ཡུལ་གྱི་ནང་དུ་ཞུགས་ནས། ༢༥ དེ་དག་གི་གྲོང་ཁྱེར་རྣམས་བཤིགས་ཏེ། མི་རེས་རྡོ་བ་རེ་བརྒྱབས་ནས། ཞིང་ལེགས་པ་ཐམས་ཅད་བཀང་ངོ་། ཆུའི་ཁྲོན་པ་ཐམས་ཅད་བསུབས་ཏེ། རྩི་ཤིང་བཟང་པོ་ཀུན་བསྙལ་ལོ། ཀིར་ཧ་རེ་ཤེད་འབའ་ཞིག་གི་རྡོ་འཆང་རྣམས་ལུས་སུ་བཅུག་ཀྱང་། དབྱུག་རྡོ་པ་རྣམས་ཀྱིས་དེ་ཡང་མཐའ་ནས་བསྐོར་ཏེ། ཆམ་ལ་ཕབ་བོ། ༢༦ དེ་ནས་མོ་ཨབ་ཀྱི་རྒྱལ་པོས་རང་གི་ཐོག་ཏུ་དམག་དྲག་ཏུ་འགྱུར་བར་མཐོང་ནས། ཨེ་དོམ་གྱི་རྒྱལ་པོའི་ཐད་དུ་འཚང་འགྲོ་བར། རལ་གྲི་པ་བདུན་བརྒྱ་བསྡུས་ནས་ཀྱང་། མ་ཐུབ་པ་དང་། ༢༧ དེས་ནི་རང་གི་རྗེས་སུ་རྒྱལ་པོར་བསྐོ་རྒྱུའི་སྲས་ཆེ་ཤོས་དེ་ལྕགས་རིའི་སྟེང་དུ་སྦྱིན་སྲེག་གི་མཆོད་པར་ཕུལ་ཏོ། དེའི་ཕྱིར་ཨིས་ར་ཨེལ་ལ་ཐུགས་ཁྲོ་དྲག་པོ་བྱུང་ནས། དེ་བོར་ཏེ། རང་ཡུལ་དུ་ལོག་གོ།