ཡང་ལུང་སྟོན་པའི་བུ་རྣམས་ཀྱི་ཆུང་མའི་ཁྲོད་ལས་བུད་མེད་ཅིག་ཨེ་ལི་ཤཱའི་དྲུང་དུ་འོ་དོད་གཏང་སྟེ་དེ་ལ། ཁྱེད་ཀྱི་བྲན་པོ་བདག་གི་ཁྱོ་བོ་ནི་ཤི། ཁྱེད་ཀྱི་བྲན་པོ་དེ་ཡ་ཧོ་ཝཱ་ལ་བག་བྱས་པར་ཁྱེད་ལ་ཆ་ཡོད། ད་བུན་བདག་གིས་བདག་གི་བུ་གཉིས་བཟུང་ནས། སྒོ་ཡལ་དུ་འཁྱེར་བའི་ཕྱིར་འོང་ངོ་། ཞེས་ཞུས་པ་དང་།  ཨེ་ལི་ཤཱས་མོ་ལ། ངས་ཁྱོད་ཀྱི་དོན་དུ་ཅི་བྱ། ཁྱོད་ཀྱི་ཁང་པ་ལ་ཅི་ཡོད། ང་ལ་ཤོད་ཅིག བསྒོ་སྟེ། མོས། ཁྱེད་ཀྱི་བྲན་མོ་བདག་གི་ཁང་པ་ལ་སྣུམ་གྱི་བུམ་པ་གཅིག་མ་གཏོགས་པར་གཞན་ཅིའང་མེད་དོ། ཞེས་ཞུས་ནས།  ཁོང་གིས་མོ་ལ། ད་སོང་སྟེ། རང་གི་ཁྱིམ་མཚེས་ཐམས་ཅད་ལས་སྣོད་སྟོང་པ་གཡར་པོར་ལེན་ཅིག ཉུང་ཉུང་མ་གཡར་ཞིག  ཡང་ཁྱོད་ནང་དུ་འཇུག་པའི་ཚེ། ཁྱོད་རང་དང་ཁྱོད་ཀྱི་བུ་རྣམས་ཀྱི་རྒྱབ་ནས་སྒོ་བཅད་དེ། སྣོད་ཐམས་ཅད་ཀྱི་ནང་དུ་སྣུམ་བླུགས་ཏེ། གང་རིམ་གྱིས་སོ་སོར་ཞོག ཅེས་བསྒོ་བ་དང་།  མོ་ཁོང་གི་དྲུང་ནས་ཆས་ཏེ། རང་དང་རང་གི་བུ་གཉིས་ཀྱི་རྒྱབ་ནས་སྒོ་བཅད་ནས། དེ་གཉིས་ཀྱིས་སྣོད་རྣམས་བསྲིངས། མས་དེ་དག་གི་ནང་དུ་བླུག་པར་བྱས་ཏེ།  སྣོད་རྣམས་གང་ཟིན་པའི་ཚེ། མས་བུ་ལ། ད་དུང་ཡང་སྣོད་ཅིག་ཚུར་སྲིངས་ཤིག བྱས་པས་དེས། གཞན་སྣོད་སྤྱད་ཅིའང་མེད་དོ། ཞེས་ཟེར་བ་ཙམ་གྱིས་སྣུམ་ཆད་པར་གྱུར་ཏོ།  དེ་ནས་མོ་སོང་ནས། དཀོན་མཆོག་གི་སྐྱེས་བུ་དེ་ལ་བཤད་པ་དང་། དེས། ད་སོང་ལ། སྣུམ་དེ་བཙོང་སྟེ། བུ་ལོན་འཇལ་བར་བྱོས། ལྷག་མ་དེ་ཁྱོད་དང་ཁྱོད་ཀྱི་བུ་རྣམས་ཀྱི་འཚོ་རྒྱགས་བྱོས་ཤིག ཅེས་བསྒོའོ༎
 ཉིན་ཅིག་ཨེ་ལི་ཤཱ་་ཤུ་ནེམ་དུ་བསླེབས་ནས། དེར་གནས་པའི་བུད་མེད་ཕྱུག་པོ་ཞིག་གིས་ཁོང་གསོལ་བ་བཞེས་སུ་ནན་གྱིས་དྲངས་སོ། དེ་ལྟར་ཁོང་ལམ་དེ་ལ་འགྲོ་རིམ་གྱིས། གསོལ་བ་བཞེས་སུ་དེར་ཕྱིན་པ་ཡིན།  ཡང་བུད་མེད་དེས་རང་གི་ཁྱོ་བོ་ལ། ལྟོས། རྒྱུན་དུ་ངེས་ཀྱི་ལམ་ལས་རྒྱུ་བ་འདི་ནི་དཀོན་མཆོག་གི་སྐྱེས་བུ་དམ་པ་ཞིག་ལགས་པ་ངས་ཤེས་སོ། ༡༠ ཁོང་གི་དོན་དུ་སྟེང་ཁང་ཞིག་ངེད་ཀྱི་རྩིག་སྦྲེལ་དུ་རྩིག་པར་ལེགས་ཏེ། དེའི་ནང་དུ་ཁོང་ལ་མལ་ཁྲི་དང་། ལྕོག་ཙེ་དང་། ཤིང་ཁྲི་དང་། ལ་སྟེགས་བཅས་འཇོག་པར་བྱ། དེ་ནས་ཁོང་ངེད་ཀྱི་རྩར་ཕེབས་རིམ་གྱིས། དེར་བཞུགས་པར་འགྱུར་རོ། ཞེས་སྨྲས་སོ༎
༡༡ ཡང་ཉིན་ཅིག་ཁོང་དེར་བྱོན་ནས། ནང་མིག་དེའི་ནང་དུ་བྲང་ས་བྱས་ཏེ་གཟིམས་པ་དང་། ༡༢ རང་གི་གཡོག་པོ་གེ་ཧ་ཟི་ལ། ཤུ་ནེམ་མ་ལ་བོས་ཤིག གསུངས་པས། དེས་བོས་ཏེ། མོ་འོངས་ནས། དྲུང་དུ་ལངས་ནས་བསྡད་པ་དང་། ༡༣ ཁོང་གིས་གཡོག་པོ་ལ། ད་མོ་ལ། ཁྱེད་ཀྱིས་ངེད་ཀྱི་དོན་དུ་འདི་ཙམ་ཤ་ཚ་བྱས་པས། ཁྱོད་ཀྱི་དོན་དུ་རྒྱལ་པོའམ་དམག་དཔོན་ལ་ཞུ་དགོས་རེ་མེད་དམ། ཞེས་དྲིས་ཤིག བསྒོ་བ་དང་། མོས་ནི། བདག་རང་གི་བརྒྱུད་ཀྱི་ཁྲོད་དུ་འདིར་བདེའོ། ཞེས་ཞུས་སོ། ༡༤ དེ་ནས་ཡང་ཁོང་གིས། ངས་མོའི་དོན་དུ་ཅི་བྱ། གསུང་ནས། གེ་ཧ་ཟིས་ལན་དུ། བདེན་པར་མོ་ལ་ཕྲུ་གུ་མེད་དེ། ཁྱོ་ཡང་རྒས་ཏེ་འདུག ཅེས་ཞུས་པས། ༡༥ ཁོང་གིས་མོ་ལ་བོས་ཤིག བསྒོ་བས། དེས་བོས་ནས། མོ་སྒོ་ལ་ལངས་ནས་བསྡད་པ་ལས། ༡༦ ཁོང་གིས་དེ་ལ། ད་ལོ་གཅིག་ཁྱིར་འཁོར་བ་དང་། ཁྱོད་ཀྱིས་པང་དུ་བུ་ཞིག་ཐོགས་པར་འགྱུར་རོ། ཞེས་གསུངས་ནས་མོས། དེ་མི་བདེན། ཀྱེ་བདག་གི་ཇོ་བོ། ཀྱེ་དཀོན་མཆོག་གི་སྐྱེས་བུ། ཁྱེད་ཀྱིས་ཉིད་ཀྱི་བྲན་མོ་སླུ་བར་མ་མཛད། ཅེས་ཞུས་སོ། ༡༧ ཡང་བུད་མེད་དེ་མངལ་དང་ལྡན་པར་གྱུར་ནས། ཨེ་ལི་ཤཱས་གསུངས་པ་བཞིན་དུ། ལོ་གཅིག་ཁྱིར་འཁོར་བ་དང་། བུ་ཞིག་བཙས་སོ༎
༡༨ ཕྲུ་གུ་དེ་ཆེར་སྐྱེས་པ་དང་། ཉིན་གཅིག་རང་གི་ཕ་དང་ཞིང་རྔ་མཁན་རྣམས་ཀྱི་རྩར་སོང་སྟེ། ༡༩ དེར་དེས་ཕ་ལ། ངའི་མགོ། ངའི་མགོ། ཟེར་ཞིང་བོས་པས། ཕས་གཡོག་པོ་ཞིག་ལ། ཕྲུ་གུ་འདི་རང་གི་མའི་རྩར་འཁུར་ཏེ་ཁྱེར་ཞིག་བསྒོ་བས། ༢༠ དེས་ཐོགས་ནས། མའི་རྩར་བསྐྱལ་ནས། ཉིན་ཕྱེད་བར་དུ་མའི་པང་དུ་ཉལ་ནས། ཚེ་འདས་སོ། ༢༡ དེ་ནས་མོ་སྟེང་ཐོག་ལ་སོང་ནས། བུ་དེ་དཀོན་མཆོག་གི་སྐྱེས་བུའི་མལ་ཁྲིའི་ཁར་བཞག་ནས། སྒོ་བཅད་དེ་ཕྱིར་ཐོན་ཏེ། ༢༢ རང་གི་ཁྱོ་ལ། གཡོག་པོའི་ནང་ནས་གཅིག་དང་། བོང་བུ་རྣམས་ལས་གཅིག་འདིར་ཐོང་ཞིག ང་དཀོན་མཆོག་གི་སྐྱེས་བུའི་དྲུང་དུ་རྒྱུག་སོང་ནས། ཕྱིར་ལོག་འོང་། ཞེས་སྨྲས་པས། ༢༣ དེ་ན་རེ། དེ་རིང་རང་ཁྱོད་ཁོང་གི་དྲུང་དུ་འགྲོ་བར་འདོད་པ་དེ་ཅི་ཡིན། དེ་རིང་ཚེས་འགོ་འམ་ཤབ་བཱད་ཀྱང་མིན། བྱས་ནས། མོས་ནི། བདེ་བར་འགྱུར་རོ། ཞེས་སྨྲས་སོ། ༢༤ དེ་ནས་མོས་བོང་བུ་ལ་སྒ་བསྟད་དེ་གཡོག་པོ་ལ། རྒྱབ་ཅིང་དེད་ལ། ངས་ཁྱོད་ལ་མ་སྒོ་བའི་བར་དུ་འགྲོས་ཀྱི་བར་ཆོད་དུ་མ་ཆུག་ཅིག ཅེས་བསྒོའོ། ༢༥ དེ་ལྟར་མོ་ཆས་ཏེ། རི་ཀར་མེལ་དུ་དཀོན་མཆོག་གི་སྐྱེས་བུ་གང་ན་བར་ཕྱིན་པ་ལས།
དཀོན་མཆོག་གི་སྐྱེས་བུས་རྒྱང་མ་ནས་མོ་འོང་བར་མཐོང་ནས། ཞབས་ཕྱི་གེ་ཧ་ཟི་ལ། ལྟོས་དང་། ཕ་གི་ན་ཤུ་ནེམ་མ་དེ་འདུག ༢༦ བསུ་བ་ལ་རྒྱུག་ཅིང་དེ་ལ། ཁྱོད་རང་བདེའམ། ཁྱོད་ཀྱི་ཁྱོ་ཡང་བདེའམ། བུ་ཡང་བདེའམ། ཞེས་དྲིས་ཤོག གསུངས་ནས། མོས། བདེ་བར་ཡོད། ཅེས་སྨྲས་སོ། ༢༧ དེ་ནས་མོ་དཀོན་མཆོག་གི་སྐྱེས་བུའི་དྲུང་དུ་རི་ལ་ཕྱིན་པ་དང་། ཁོང་གི་ཞབས་ནས་འཇུས་པས། གེ་ཧ་ཟིས་མོ་ནི་ཕར་འཕུལ་གཏོང་དུ་ཉེ་བར་འོངས་ཀྱང་། དཀོན་མཆོག་གི་སྐྱེས་བུས་དེ་ལ། དེ་ལྟར་མ་བྱེད། མོའི་སེམས་འཁྲུགས་ཀྱང་། ཡ་ཧོ་ཝཱས་ང་ལས་གསང་སྟེ། གསུང་བ་མ་ཡིན། སྨྲས་ནས། ༢༨ མོ་ན་རེ། ངས་རང་གི་ཇོ་བོ་ལ་བུའི་ཕྱིར་ཞུས་སམ། ཡང་ངས་ཁྱེད་ལ། ང་མགོ་མ་སྐོར་ཞིག ཞུས་པ་མ་ཡིན་ནམ། ཞེས་ཞུས་པའི་ལན་དུ། ༢༩ ཁོང་གིས་གེ་ཧ་ཟི་ལ། སྐ་རགས་ཆིང་ལ། ངའི་དབྱུག་པ་ལག་ཏུ་ཐོགས་ནས་སོང་ཞིག ཇི་སྟེ་མི་དང་འཕྲད་ན། ཕྱག་མ་བྱེད། གཞན་གྱིས་ཁྱོད་ལ་ཕྱག་བྱེད་ན། དེ་ལ་ལན་མ་འདེབས། བུའི་གདོང་གི་ཁར་ངའི་དབྱུག་པ་འདི་ཞོག ཅེས་བསྒོ་བས། ༣༠ ཕྲུ་གུའི་མས། ཡ་ཧོ་ཝཱས་སྣམས་ཤིག ངས་ཁྱེད་མི་དབུད། ཞུས་པས། ཁོང་བཞེངས་ནས་མོ་དང་བཅས་སུ་སོང་ངོ་། ༣༡ ཡང་གེ་ཧ་ཟི་དེ་གཉིས་ཀྱི་སྔོན་དུ་སོང་ནས། ཕྲུ་གུའི་གདོང་གི་ཁར་དབྱུག་པ་དེ་བཞག་ཀྱང་། སྐད་ཀྱང་མ་བྱུང་། རྣ་བས་ཀྱང་མ་ཐོས་པས། དེ་ལོག་འོངས་ནས་ཁོང་ལ། ཕྲུ་གུའི་གཉིད་སད་པར་མ་གྱུར་ཏོ། ཞེས་ཞུས་སོ༎
༣༢ དེ་ནས་ཨེ་ལི་ཤཱ་ཁྱིམ་གྱི་ནང་དུ་ཕྱིན་པ་དང་། ཀྱེ་ཧོ། ཕྲུ་གུ་ནི་ཤི་ཟིན་ནས། མལ་ཁྲིའི་ཁར་བཞག་ཡོད་པ་ཡིན། ༣༣ དེའི་ཕྱིར་ཁོང་ནང་དུ་ཞུགས་ནས། དེ་རང་གཉིས་ཀྱི་རྒྱབ་ཏུ་སྒོ་བཅུག་སྟེ། ཡ་ཧོ་ཝཱ་ལ་གསོལ་བ་བཏབ་ནས། ༣༤ སྟེང་ཁང་དུ་ཕྱིན་ཏེ། ཕྲུ་གུ་ལ་འཁྲིལ་ནས། དེའི་ཁ་ལ་རང་གི་ཁ་དང་། དེའི་མིག་ལ་རང་གི་མིག་དང་། དེའི་ལག་པ་ལ་རང་གི་ལག་པ་བསླན་ཏེ། ཕྲུ་གུའི་ཐོག་ཏུ་འགབ་པར་བྱས་པ་དང་། ཕྲུ་གུའི་ལུས་ལ་དྲོད་ཁུག་གོ། ༣༥ ཡང་ཁོང་བཞེངས་ནས། ཁྱིམ་གྱི་ནང་དུ་ཕར་ཚུར་གོམ་འཆག་བྱས་ནས། སླར་སྟེང་ཁང་དུ་འཛེགས་ནས། ཕྲུ་གུའི་ཁར་གབ་བསྡད་པ་དང་། ཕྲུ་གུས་ལན་བདུན་སྦྲིད་པ་བྱུང་ནས། ཕྲུ་གུས་མིག་ཧར་ཕྱེས་སོ། ༣༦ དེ་ནས་ཁོང་གིས་གེ་ཧ་ཟི་ལ་བོས་ཏེ་དེ་ལ། ཤུ་ནེམ་མ་ལ་བོས་ཤིག ཅེས་བསྒོ་བས། དེས་མོ་ལ་བོས་པ་དང་། མོ་ནང་དུ་ཁོང་གི་དྲུང་དུ་འོང་ནས། ད་ཁྱོད་ཀྱི་བུ་ལེན་ཅིག ཅེས་གསུངས་སོ། ༣༧ དེར་མོ་ནང་དུ་འོངས་ནས། ཁོང་གི་ཞབས་དྲུང་དུ་ཁ་འབུབ་ཏུ་ལུས་ས་ལ་བརྡབས་ཏེ་ཕྱག་བཙལ་ཏེ། རང་གི་བུ་ཐོགས་ནས། ཕྱི་རོལ་ཏུ་སོང་ངོ་༎
༣༨ དེ་ནས་ཨེ་ལི་ཤཱ་སླར་ཡང་གིལ་གལ་དུ་བསླེབས་པའི་ཚེ། ཡུལ་དེར་མུ་གེ་བྱུང་ནས། ལུང་སྟོན་པའི་བུ་རྣམས་ཁོང་གི་དྲུང་དུ་བསྡད་ཡོད་པ་ལས། ཁོང་གིས་ཉིད་ཀྱི་ཞབས་ཕྱི་ལ། ཟངས་ཆེན་པོ་དེ་བཀལ་ནས། ལུང་སྟོན་པའི་བུ་རྣམས་ལ་ཐུག་པ་ཞིག་གཡོས་ཤིག བསྒོ་བ་དང་། ༣༩ དེ་དག་གི་ནང་ནས་གཅིག་ཚོད་མ་སྒྲུག་པའི་ཕྱིར་ཀླུངས་སུ་སོང་ནས། ནགས་ཚལ་གྱི་རྒུན་ཤིང་བརྙེད་ནས། དེའི་འབྲས་བུ་ཐུ་བ་གང་བསྒྲུགས་ནས། འཁུར་འོངས་ཏེ། དེ་དག་ལ་དེའི་ཆ་མེད་སྟབས་ཀྱིས་ཟངས་བུའི་ནང་དུ་བཏབ་བོ། ༤༠ དེ་ལྟར་དེ་དག་གིས་མི་དེ་རྣམས་ལ་འཐུང་དུ་བླུགས་ནས། དེ་དག་གིས་ཐུག་པ་འཐུང་དུ་གཟས་པ་ལས། ཀྱེ་དཀོན་མཆོག་གི་སྐྱེས་བུ། ཟངས་ཀྱི་ནང་ན་འཆི་བ་འདུག ཅེས་ཟེར་ཞིང་ཀུ་སྒྲ་བརྒྱབས་ནས། འཐུང་དུ་མ་བཏུབ་བོ། ༤༡ དེར་ཁོང་གིས། གྲོ་ཞིབ་ཁྱེར་ཤོག གསུངས་ནས། ཁོང་གིས་དེ་ཟངས་ཀྱི་ནང་དུ་བཏབ་སྟེ། ད་མི་རྣམས་ལ་འཐུང་དུ་བླུགས་ཤིག བྱས་ནས། ཟངས་ཀྱི་ནང་ན་གནོད་རྒྱུ་ཅིའང་མེད་པ་ཡིན།
༤༢ ཡང་བ་ཨཱལ་ཤ་ལི་ཤཱ་ནས་མི་ཞིག་གིས་དཀོན་མཆོག་གི་སྐྱེས་བུ་ལ་ཐོག་ཕུད་ཀྱི་བག་ལེབ་ཉི་ཤུ་དང་། འབྲུས་གང་བའི་སྲུས་འཁྱེར་འོངས་པས། ཁོང་གིས། མི་འདི་རྣམས་ལ་ཟ་རུ་སྟེར་ཞིག གསུངས་པས། ༤༣ ཁོང་གི་ཞབས་ཕྱིས། ངས་འདི་མི་བརྒྱ་ཐམ་པའི་མདུན་དུ་འཇོག་གམ། ཞུས་པའི་ལན་དུ་ཁོང་གིས། ཡ་ཧོ་ཝཱས་འདི་སྐད་དུ། དེ་དག་གིས་ཟོས་ནས། ལྷག་མ་ཡང་ལུས་པར་འགྱུར་གསུངས་པས། འདི་རྣམས་ལ་ཟ་རུ་ཐོང་ཞིག གསུངས་ནས། ༤༤ དེ་རྣམས་ཀྱི་མདུན་དུ་བཞག་པ་ལས། དེ་རྣམས་ཀྱིས་ཟོས་ནས། ཡ་ཧོ་ཝཱའི་བཀའ་བཞིན་དུ་ལྷག་མ་ཡང་ལུས་པར་གྱུར་ཏོ༎