༥
ཨ་རམ་རྒྱལ་པོའི་དམག་དཔོན་ན་ཨ་མཱན་བྱ་བ་ནི་མི་ཆེན་པོ་དང་རང་གི་དཔོན་པོའི་དྲུང་དུ་ངོ་ཅན་ཞིག་ཡོད་པ་ཡིན། དེ་ཅིའི་ཕྱིར་ཞེ་ན། ཡ་ཧོ་ཝཱས་དེའི་སྒོ་ནས་ཨ་རམ་ཡུལ་ལ་སྐྱབས་མཛད་དོ། མི་དེ་དཔའ་བོ་སྟོབས་ཅན་ཞིག་ཡིན་ཀྱང་། མཛེ་ནད་ཅན་ཞིག་ཡོད་པ་ཡིན། ༢ ཡང་ཨ་རམ་པ་རྣམས་ཚོ་ཚོ་བྱས་ནས་ཐོན་ཏེ། ཨིས་ར་ཨེལ་ཡུལ་ནས་བུ་མོ་ཆུང་བ་ཞིག་བཟུང་ནས་ཁྱེར་ཏེ། དེས་ན་ཨ་མཱན་གྱི་ཆུང་མའི་ཞལ་ཏ་མ་བྱས་སོ། ༣ དེས་རང་གི་དཔོན་མོ་ལ། བདག་གི་དཔོན་པོ་འདི་ས་མར་ཡཱ་རུ་བཞུགས་པའི་ལུང་སྟོན་པའི་དྲུང་དུ་ཕེབས་ན། མཛེ་ནད་ཕན་པར་འགྱུར་རོ། ༤ དེར་མི་ཞིག་ནང་དུ་སོང་ནས། རང་གི་དཔོན་པོ་ལ། ཨིས་ར་ཨེལ་མ་བུ་མོ་དེས་འདི་འདྲ་དང་དེ་འདྲ་ཟེར་རོ། ཞེས་ཞུས་པ་དང་། ༥ ཨ་རམ་གྱི་རྒྱལ་པོས་དེ་ལ། སོང་ལ། ངས་ཨིས་ར་ཨེལ་གྱི་རྒྱལ་པོ་ལ་ཡི་གེ་ཞིག་སྤྲིང་བར་བྱ། སྨྲས་ནས། དེས་དངུལ་གྱི་རྡོ་ཚད་བཅུ་དང་། གསེར་གྱི་དོང་ཙེ་སྟོང་ཕྲག་དྲུག་དང་གོས་ཟུང་བཅུ་བཅས་བཀུར་ནས་ཆས་ཏེ། ༦ ཡི་གེ་དེ་ཨིས་ར་ཨེལ་གྱི་རྒྱལ་པོ་ལ་ཕུལ་པ་དང་། དེའི་ནང་ན། ཞུ་ཤོག་འདི་ཁྱེད་ལ་འཕྲོད་པའི་ཚེ། གཟིགས་ཤིག ངའི་ཕྱག་ཕྱི་ན་ཨ་མཱན་གྱི་མཛེ་ནད་གསོ་བའི་ཕྱིར་ཁྱེད་ཀྱི་དྲུང་དུ་གཏོང་ངོ་། ཞེས་ཡོད་པ་ཡིན། ༧ ཨིས་ར་ཨེལ་གྱི་རྒྱལ་པོས་ཡི་གེ་དེ་བཀླགས་ནས། རང་གི་གོས་བཤགས་ཏེ། འདི་སྐད་དུ། དེས་མི་འདིའི་མཛེ་ནད་གསོ་བར་ངའི་རྩར་བཏང་བས། ང་ནི་སྲོག་ལེན་པ་དང་སྲོག་སྦྱིན་པའི་དཀོན་མཆོག་ཡིན་ནམ། དེ་བས་ན་དེས་ང་ལ་འཛིང་སྙད་འབྲུ་བའི་སྐོར་དུ་ཁྱོད་ཚོས་ལྟོས་ལ། ཞིབ་པར་བསམ་བློ་སྐོར་ཞིག ཅེས་སྨྲས་སོ༎༨ དེ་ནས་དཀོན་མཆོག་གི་སྐྱེས་བུ་ཨེ་ལི་ཤཱས་ནི། ཨིས་ར་ཨེལ་གྱི་རྒྱལ་པོས་རང་གི་གོས་ཧྲལ་བར་ཐོས་ནས། རྒྱལ་པོ་ལ། ཁྱེད་ཀྱིས་ཉིད་ཀྱི་ན་བཟའ་ཅི་ལ་ཧྲལ་པ་ཡིན། ད་མི་དེ་ངའི་རྩར་འོང་དུ་ཆུག་ཅིག དེ་ནས་ཨིས་ར་ཨེལ་གྱི་ནང་ན་ལུང་སྟོན་པ་ཞིག་ཡོད་པ། དེས་རྟོགས་པར་འགྱུར་རོ། ཟེར་ཞིང་ཕྲིན་བསྐུར་ཏོ། ༩ དེ་ལྟར་ན་ཨ་མཱན་རྟ་རྣམས་དང་། ཤིང་རྟ་རྣམས་དང་བཅས་སུ་འོངས་ནས། ཨེ་ལི་ཤཱ་ཡི་ཁང་པའི་སྒོ་འགྲམ་དུ་བསྡད་པ་ལས། ༡༠ ཨེ་ལི་ཤཱས་མི་བཏང་ནས་དེ་ལ། ད་སོང་ལ། ཡོར་དན་གྱི་ནང་ན་ལན་བདུན་ཁྲུས་ཤིག དེ་ནས་ཁྱོད་ཀྱི་ལུས་སྔར་མལ་འགྱུར་ཞིང་། གཙང་བར་འགྱུར་ཞེས་སྨྲས་ཀྱང་། ༡༡ ན་ཨ་མཱན་ཁྲོས་ནས་སོང་སྟེ། ལྟོས་ཤིག ཁོ་འཐོན་ནས་ངའི་མདུན་དུ་ལངས་ཏེ། ཡ་ཧོ་ཝཱ་དེའི་དཀོན་མཆོག་གི་མཚན་བརྗོད་ཅིང་། ལག་པས་རྨ་བཤད་ཅིང་། མཛེ་ནད་གསོ་བར་བྱའོ་ངས་བསམ་པ་ཡིན། ༡༢ ཨིས་ར་ཨེལ་གྱི་ཆུ་ཐམས་ཅད་ལས་ཀྱང་། ད་མཱ་སེག་གི་གཙང་པོ་ཨ་བ་ནཱ་དང་ཕར་ཕར་གཉིས་ལྷག་པར་དུ་མི་ལེགས་སམ། དེ་དག་གི་ནང་དུ་ཞུགས་ནས། གཙང་བར་མི་འགྱུར་རམ། ཞེས་སྨྲས་ནས། ཕྱིར་ལོག་ཅིང་ཁྲོས་ནས་ཆས་པ་ལས། ༡༣ དེར་དེའི་དྲུང་འཁོར་རྣམས་དྲུང་དུ་འོངས་ནས་དེ་ལ། ཀྱེ་ངའི་ཡབ་ལགས། ཇི་སྟེ་ལུང་སྟོན་པས་ཁྱེད་ལ་བྱ་བ་ཆེན་པོ་ཞིག་བྱོས་ཤིག་སྒོ་ན། དེ་བཞིན་དུ་མི་མཛད་དམ། ད་ཁོང་གིས་ཁྱེད་ལ། ཆུར་ཞུགས་ནས་གཙང་བར་གྱུར་ཅིག གསུང་ན། ལྷག་པར་ཡང་དེ་བཞིན་དུ་མཛད་པའི་རིགས་སོ། ཞེས་ཞུས་པ་དང་། ༡༤ དེ་བབས་ནས། དཀོན་མཆོག་གི་སྐྱེས་བུས་བསྒོ་བ་བཞིན་དུ་ཡོར་དན་གྱི་ནང་དུ་ལན་བདུན་ཁྲུས་པས། དེའི་ཤ་བུ་ཆུང་གི་ཤ་ལྟར་གྱུར་ནས་གཙང་བར་གྱུར་ཏོ༎
༡༥ དེ་ནས་ཁོ་རང་གི་འཁོར་གཡོག་རྣམས་དང་བཅས་སུ་དཀོན་མཆོག་གི་སྐྱེས་བུ་ག་ལ་བ་དེར་ལོག་འོངས་ནས། ཁོང་གི་དྲུང་དུ་ལངས་ནས་ཁོང་ལ། གཟིགས་ཤིག ད་ངས། དཀོན་མཆོག་ནི་ཨིས་ར་ཨེལ་མ་གཏོགས་པར་ས་གཞི་ཐམས་ཅད་ཀྱི་ནང་ན་གང་དུ་ཡང་མི་བཞུགས་པ་རྟོགས་བྱུང་། དེ་བས་ན་ཁྱེད་ཀྱི་བྲན་པོ་བདག་གི་ཕྱག་རྟེན་འདི་བཞེས་སུ་གསོལ། ཞེས་ཞུས་ཀྱང་། ༡༦ ཁོང་གིས་ལན་དུ། བདག་གང་གི་ཞལ་ངོར་ཡོད་པའི་ཡ་ཧོ་ཝཱས་སྣམས་ཤིག ངས་ཅིའང་ལེན་པར་མི་བྱའོ། གསུངས་པས། དེས་ཁོང་ལ་ལེན་པའི་ཕྱིར་ནན་གྱིས་ཞུས་ཀྱང་། ཁོང་གིས་མ་བླངས་སོ། ༡༧ དེར་ན་ཨ་མཱན་གྱིས། ཁྱེད་ཀྱི་བྲན་པོ་བདག་ལ་དྲེལ་རྒྱབ་གཉིས་ཀྱི་ཐལ་བ་ཞིག་གནང་བར་མི་མཛད་དམ། ཁྱེད་ཀྱི་བྲན་པོ་བདག་གིས་ད་ཕྱིན་ཆད་དུ་ཡ་ཧོ་ཝཱ་འབའ་ཞིག་མ་གཏོགས་པར། གཞན་ལྷ་གང་ལ་ཡང་སྦྱིན་སྲེག་དང་མཆོད་པ་འབུལ་བར་མི་བྱའོ། ༡༨ འོན་ཀྱང་བྱ་བ་གཅིག་གི་ནང་ན་ཡ་ཧོ་ཝཱས་ཁྱེད་ཀྱི་བྲན་པོ་ལ་བཤགས་པ་གནོང་ཞིག འདི་ལྟ་སྟེ། བདག་གི་ཇོ་བོ་ནི་རིམ་མོན་གྱི་ལྷ་ཁང་དུ་རིམ་གྲོ་བྱེད་དུ་འགྲོ་བ་དང་། ཁོང་བདག་གི་ལག་པར་བརྟེན་ཏེ། རིམ་མོན་གྱི་ལྷ་ཁང་དུ་རིམ་གྲོ་བྱེད་པའི་ཚེ། བདག་གིས་རིམ་མོན་གྱི་ལྷ་ཁང་དུ་མགོ་འགུག་ན། ཡ་ཧོ་ཝཱས་ཁྱེད་ཀྱི་བྲན་པོ་ལ་དེའི་ནང་དུ་ཐུགས་བཟོད་བཞེས་འཚལ། ཞེས་ཞུས་པས། ༡༩ ཁོང་གིས་དེ་ལ། ཞི་བདེ་བར་སོང་ཞིག ཅེས་སྨྲས་ནས།
དེ་ནི་ཁོང་དང་བྲལ་ཏེ། ཅུང་ཟད་ཅིག་སོང་བ་དང་། ༢༠ དཀོན་མཆོག་གི་སྐྱེས་བུ་ཨེ་ལི་ཤཱའི་ཞབས་ཕྱི་གེ་ཧ་ཟིས་གཅིག་ལབ་བཏང་ཞིང་། ཀྱེ་ཧོ། ཨ་རམ་པ་ན་ཨ་མཱན་གྱིས་ཕུལ་མཁན་དེ་ངའི་དཔོན་པོས་མ་བཞེས་པར་ཕུད། ཡ་ཧོ་ཝཱས་སྣམས་ཤིག ང་དེའི་རྗེས་སུ་རྒྱུག་སྟེ། ཅི་ཞིག་ལེན་པར་བྱ། ཞེས་ཟེར་ནས། ༢༡ གེ་ཧ་ཟི་་ན་ཨ་མཱན་གྱི་ཕྱི་བཞིན་བརྒྱུགས་ཏེ། ན་ཨ་མཱན་གྱིས་དེ་ནི་རྒྱབ་ནས་རྒྱུག་གིན་འོང་བར་མཐོང་སྟེ། བསུ་བའི་ཕྱིར་ཤིང་རྟ་ནས་བབས་ཏེ། ཐམས་ཅད་བདེ་བར་ཡོད་དམ། ཞེས་དྲིས་སོ། ༢༢ དེའི་ལན་དུ་དེས་ནི། བདེ་བར་ཡོད། བདག་གི་དཔོན་པོས་བདག་བརྫངས་ཏེ་ཁྱེད་ལ། གཟིགས། ད་ལྟ་རང་ལུང་སྟོན་པའི་བུ་རྣམས་ལས་གཞོན་ནུ་གཉིས་ཨེབ་ར་ཨིམ་གྱི་རི་ནས་ངའི་རྩར་བསླེབས་པས། དེ་དག་གི་ཕྱིར་དངུལ་གྱི་རྡོ་ཚད་གཅིག་དང་གོས་གཟུང་གཉིས་སྦྱིན་པར་མཛོད་ཅིག ཅེས་གསུང་ངོ་། ཞུས་པས། ༢༣ ན་ཨ་མཱན་གྱིས། ལེགས་སོ། རྡོ་ཚད་གཉིས་ཁྱེར་ཞིག སྨྲས་ཏེ། དངུལ་གྱི་རྡོ་ཚད་གཉིས་གོས་ཟུང་གཉིས་དང་བཅས་སུ་རྐྱལ་པ་གཉིས་ཀྱི་ནང་དུ་བརྒྱང་ནས་བྱིན་པ་དང་། དེས་རང་གི་གཡོག་པོ་གཉིས་ལ་བཀལ་ཏེ། དེ་དག་གིས་བཀུར་ནས་སྔོན་སྔོན་དུ་སོང་ནས། ༢༤ སྒང་ཁར་བསླེབས་ནས། དེ་དག་གི་ལག་ནས་བླངས་ཏེ། ཁྱིམ་གྱི་ནང་དུ་བཞག་ནས། དེ་གཉིས་འགྲོར་བཅུག་གོ། ༢༥ དེ་གཉིས་སོང་བ་དང་། ཁོ་ནི་རང་གི་དཔོན་པོའི་དྲུང་དུ་ལངས་བསྡད་པ་ལས། ཨེ་ལི་ཤཱས་དེ་ལ། ཀྱེ་གེ་ཧ་ཟི། ཁྱོད་གང་ནས་འོངས་པ་ཡིན། ཞེས་དྲིས་པའི་ལན་དུ་དེས་ནི། ཁྱེད་ཀྱི་བྲན་པོ་ནི་གང་དུའང་སོང་བ་མ་ཡིན། ཞུས་པས། ༢༦ ཁོང་གིས་དེ་ལ། མི་དེ་རང་གི་ཤིང་རྟ་ལས་བབས་ནས་ཁྱོད་ལ་བསུར་ལོག་དུས་སུ། ངའི་སེམས་ཉིད་ནི་ཁྱོད་དང་མཉམ་དུ་མ་སོང་ངམ། འདི་ནི་དངུལ་དང་། གོས་དང་། ཁ་སྐྱུར་པོའི་ཚལ་དང་། རྒུན་ཚལ་དང་། ལུག་དང་། གླང་དང་། བྲན་པོ་དང་། བྲན་མོ་རྣམས་ལེན་པའི་དུས་ཤིག་ཡིན་ནམ། ༢༧ དེའི་ཕྱིར་ན་ཨ་མཱན་གྱི་མཛེ་ནད་དེ་ཁྱོད་དང་། ཁྱོད་ཀྱི་བུ་བརྒྱུད་ལ་དུས་རྒྱུན་དུ་འབྱར་ནས་ལུས་པར་འགྱུར་རོ། གསུངས་པས། མི་དེ་མཛེ་ནད་ཀྱིས་ཁ་བ་ལྟར་དཀར་པོར་གྱུར་ནས། ཁོང་གི་དྲུང་ནས་ཐོན་སོང་ངོ་༎