༦
དེ་ནས་ལུང་སྟོན་པའི་བུ་རྣམས་ཀྱིས་ཨེ་ལི་ཤཱ་ལ། གཟིགས་ཤིག ཁྱེད་དང་བཅས་སུ་ངེད་རྣམས་སྡོད་པའི་གནས་འདི་གུ་དོག་པས། ༢ ད་འོ་སྐོལ་སྡོད་རྒྱུའི་ཁྱིམ་ཞིག་རྩིག་པར། ཡོར་དན་དུ་སོང་ནས། མི་རེས་གདུང་མ་རེ་འཁུར་འོང་བའི་དགོངས་པ་གནོང་ཞིག ཅེས་ཞུས་པས། ཁོང་གིས། སོང་ཞིག གསུངས་པ་ལས། ༣ གཅིག་གིས་ཁོང་ལ། ཁྱེད་ཀྱི་བྲན་པོ་དག་དང་བཅས་སུ་ཁྱེད་ཀྱང་ཕེབས་པའི་ཐུགས་རྗེ་མཛོད་ཅིག ཞུས་པས། ཁོང་གིས། ང་ཡང་འགྲོ་བར་བྱའོ། ཞེས་གསུངས་སོ། ༤ དེ་ནས་ཁོང་དེ་དག་དང་བསྡེབས་ནས་ཕྱིན་ཏེ། ཡོར་དན་དུ་བསླེབས་ནས། ཤིང་གཅོད་པ་ལས། ༥ གཅིག་གིས་གདུང་མ་གཅོད་དུས་སུ། སྟ་རི་ཡུ་བ་ལས་བུད་ནས། ཆུའི་ནང་དུ་ལྷུང་བ་དང་། དེས་སྐད་ཆན་པོས། ཀྱེ་ངའི་དཔོན་པོ། དེ་ནི་གཡར་པོ་ཡིན། ཞེས་བོས་པས། ༦ དཀོན་མཆོག་གི་སྐྱེས་བུས། གང་དུ་གྲིལ་ཅེས་དྲིས་ནས། དེས་ཁོང་ལ་མལ་ས་དེ་བསྟན་ཏོ། ཁོང་གིས་དབྱུག་པ་ཞིག་བཏུབ་ནས། མལ་དེར་དོར་བ་དང་། ལྕགས་དེ་ཡར་ལྡིང་བྱུང་ངོ་། ༧ དེ་ནས་ཁོང་གིས་མི་དེ་ལ། ཉ་ར་བྱོས་ཤིག གསུངས་པས། དེས་ལག་པ་ནར་བརྐྱངས་ནས་བླངས་སོ༎༨ ཡང་ཨ་རམ་གྱི་རྒྱལ་པོས་ཨིས་ར་ཨེལ་ལ་དམག་དྲངས་ནས། རང་གི་འཁོར་གཡོག་དང་གྲོས་བཏབ་སྟེ་འདི་སྐད་དུ། ངེད་ཅག་གནས་ཆེ་གེ་མོ་དང་མ་གེ་མོར་དམག་སྒར་འབེབས་པར་བྱའོ། ཞེས་སྨྲས་སོ། ༩ དེའི་ཕྱིར་དཀོན་མཆོག་གི་སྐྱེས་བུ་དེས་ཨིས་ར་ཨེལ་གྱི་རྒྱལ་པོ་ལ། ཟོན་གྱིས་ཤིག ས་ཆ་ཆེ་གེ་མོ་ན་ཨ་རམ་པའི་དམག་བསླེབས་པས། དེར་མ་འགྲོ། སྨྲས་ནས་ཕྲིན་བསྐུར་ཏོ། ༡༠ ཡང་དཀོན་མཆོག་གི་སྐྱེས་བུས། ཟོན་གྱིས་ཤིག བྱས་ནས་བཤད་པའི་གནས་སུ་ཨིས་ར་ཨེལ་གྱི་རྒྱལ་པོས་བང་ཆེན་བརྫངས་ཏེ་ཟོན་བགྱིས་སོ། དེ་ལྟར་ཐེངས་གཅིག་གཉིས་ལས་ལྷག་པར་བྱུང་སྟེ། ༡༡ ཡིབ་བསྡད་པའི་རྐྱེན་གྱིས། ཨ་རམ་གྱི་རྒྱལ་པོའི་སྙིང་ཤིན་ཏུ་འཁྲུགས་ཏེ། རང་གི་འཁོར་གཡོག་རྣམས་བོས་ཏེ། ངེད་ཀྱི་ནང་ན་ཨིས་ར་ཨེལ་གྱི་རྒྱལ་པོའི་ཕྱོགས་པ་དེ་སུ་ཡིན་པ་ང་ལ་སྟོན་པར་མི་བྱའམ། སྨྲས་པའི་ལན་དུ། ༡༢ དེའི་འཁོར་གཡོག་ཅིག་གིས། ཀྱེ་ངའི་ཇོ་བོ་རྒྱལ་པོ་ལགས། དེ་བཞིན་མ་ལགས་ཀྱིས། ཁྱེད་ཀྱིས་ཉིད་ཀྱི་གཟིམས་ཆུང་ནང་དུ་གླེང་བ་དེ། ཨིས་ར་ཨེལ་གྱི་ཁྲོད་ན་ཡོད་པའི་ལུང་སྟོན་པ་ཨེ་ལི་ཤཱས་ཨིས་ར་ཨེལ་གྱི་རྒྱལ་པོ་ལ་འཆད་དོ། ཞུས་པས། ༡༣ དེ་ན་རེ། ཁྱོད་ཅག་སོང་ལ། ཁོ་ག་ན་འདུག་ལྟོས་ཤིག ངས་མི་བཏང་ནས། ཁོ་འཛིན་པར་བྱ། ཞེས་བསྒོ་བས། དེ་དག་གིས། ཁོ་དོ་ཐན་དུ་འདུག ཅེས་ཕྲིན་ཞུས་པ་དང་། ༡༤ དེས་རྟ་དང་ཤིང་རྟ་དང་། དམག་གཡོར་ཅན་ཞིག་དེར་བརྫངས་ཏེ། དེ་རྣམས་མཚན་མོར་བསླེབས་ནས། གྲོང་ཁྱེར་དེ་མཐའ་ནས་བསྐོར་ཏོ༎
༡༥ དེ་ནས་དཀོན་མཆོག་གི་སྐྱེས་བུའི་ཞབས་ཕྱི་དེ་སྔ་དྲོ་ལངས་ནས། ཕྱི་རོལ་དུ་ཐོན་པ་དང་། དམག་དཔུང་གི་རྟ་དང་། ཤིང་རྟས་གྲོང་ཁྱེར་དེ་བསྐོར་ཏེ་ཡོད་པར་མཐོང་བས། ཞབས་ཕྱི་དེས་ཁོང་ལ། ཀྱེ་ངའི་དཔོན་པོ་ལགས། ད་ངེད་ཀྱིས་ཅི་བྱ། ཞུས་པའི་ལན་དུ། ༡༦ ཁོང་གིས། མ་འཇིགས་ཤིག དེ་རྣམས་ཀྱི་དཔུང་གྲོགས་ལས་ངེད་ཀྱི་དཔུང་གྲོགས་མང་ངོ་། ཞེས་སྨྲས་ནས། ༡༧ ཨེ་ལི་ཤཱས་སྨོན་ལམ་བཏབ་སྟེ། ཀྱེ་ཡ་ཧོ་ཝཱ། འདིས་མཐོང་དུ་འདིའི་མིག་འབྱེད་པར་མཛོད་ཅིག་ཞུས་པས། ཡ་ཧོ་ཝཱས་ཁྱེའུ་དེའི་མིག་ཕྱེས་ནས། དེས་བལྟས་པ་ལས། ཨེ་ལི་ཤཱའི་མཐའ་འཁོར་དུ། རི་བོ་ནི་མེའི་རྟ་དང་ཤིང་རྟས་གང་ནས་ཡོད་པར་མཐོང་ངོ་། ༡༨ ཡང་དེ་རྣམས་ཨེ་ལི་ཤཱའི་ཕྱོགས་སུ་འབབ་འོང་བའི་ཚེ་ན། ཁོང་གིས་ཡ་ཧོ་ཝཱ་ལ་སྨོན་ལམ་བཏབ་སྟེ། མི་འདི་རྣམས་ལོང་བ་མཛོད་ཅིག ཞུས་ནས། ཨེ་ལི་ཤཱས་ཞུས་པ་བཞིན་དུ་ཁོང་གིས་དེ་རྣམས་ལོང་བ་མཛད་དོ། ༡༩ དེར་ཨེ་ལི་ཤཱས་དེ་རྣམས་ལ། འདི་ནི་ལམ་དེ་ཡང་མིན། གྲོང་ཁྱེར་དེ་ཡང་མིན་ཏེ། ངའི་རྒྱབ་ནས་ཤོག་དང་། ཁྱོད་ཚོས་འཚོལ་བའི་མི་དེའི་མདུན་དུ་ངས་ཁྱོད་རྣམས་འཁྲིད་པར་བྱའོ། གསུངས་ནས། དེ་རྣམས་ས་མར་ཡཱ་རུ་ཁྲིད་དོ༎
༢༠ དེ་རྣམས་ས་མར་ཡཱ་རུ་བསླེབས་པའི་ཚེ། ཨེ་ལི་ཤཱས། ཀྱེ་ཡ་ཧོ་ཝཱ། འདི་རྣམས་ཀྱིས་མཐོང་ཐུབ་པའི་ཕྱིར་དུ་མིག་འབྱེད་པར་མཛོད་ཅིག ཅེས་ཞུས་པ་དང་། ཡ་ཧོ་ཝཱས་དེ་རྣམས་ཀྱི་མིག་ཕྱེས་པ་དང་། དེ་རྣམས་ས་མར་ཡཱའི་དབུས་སུ་བསླེབས་ཡོད་པར་མཐོང་ངོ་། ༢༡ ཡང་ཨིས་ར་ཨེལ་གྱི་རྒྱལ་པོས་དེ་རྣམས་མཐོང་དུས་སུ། ཨེ་ལི་ཤཱ་ལ། ཀྱེ་ངའི་ཡབ། ངས་འདི་རྣམས་གསད་དམ། ངས་འདི་རྣམས་གཏུབ་བམ། ཞེས་འདྲིས་པས། ༢༢ ཁོང་གིས་ལན་དུ། ཁྱེད་ཀྱིས་འདི་རྣམས་མ་གསོད། ཁྱེད་རང་གི་རལ་གྲི་དང་གཞུའི་སྒོ་ནས་འཛིན་འཆང་བྱས་པ་རྣམས་གསོད་པར་བྱའམ། ད་འདི་རྣམས་ཀྱིས་ཟ་བ་དང་འཐུང་དུ་དེ་རྣམས་ཀྱི་མདུན་དུ་བག་ལེབ་དང་ཆུ་ཞོག དེ་ནས་དེ་རྣམས་རང་གི་ཇོ་བོའི་དྲུང་དུ་འགྲོར་ཆུག་ཅིག ཅེས་བསྐུལ་བས། ༢༣ དེས་དེ་རྣམས་ཀྱི་དོན་དུ་ཁ་ཟས་ཆེན་པོ་ཞིག་གཡོས། དེ་རྣམས་ཀྱིས་ཟོས་ཤིང་འཐུང་ཟིན་པ་དང་། དེ་རྣམས་འགྲོར་བཅུག་ནས། དེ་རྣམས་རང་གི་ཇོ་བོའི་དྲུང་དུ་སོང་ངོ་། དེའི་འོག་ཏུ་ཡང་ཨ་རམ་པའི་དམག་མི་ཨིས་ར་ཨེལ་གྱི་ཡུལ་ཁམས་ཀྱི་ནང་དུ་མ་འོངས་སོ༎
༢༤ དེའི་རྗེས་སུ་ཨ་རམ་གྱི་རྒྱལ་པོ་བེན་ཧ་དད་ཀྱིས་རང་གི་དམག་མི་མཐའ་དག་བསྡུས་ནས། དམག་བཏེགས་ཏེ། ས་མར་ཡཱ་ལ་དམག་བསྐོར་བཏང་ངོ་། ༢༥ དེའི་ཕྱིར་ས་མར་ཡཱ་ནང་མུ་གེ་ཆེན་པོ་ཞིག་བྱུང་ནས། བོང་བུའི་མགོ་ཞིག་ཊཾ་ཀ་བརྒྱད་ཅུ་དང་། བྱ་མ་བྱ་རྐྱག་བྲེ་ཡང་ཕྱེད་ཅིག་ཊཾ་ཀ་ལྔའི་རིན་ལ་སླེབ་པའི་བར་དུ་དམག་བསྐོར་བཏང་ནས་བཞག་གོ། ༢༦ ཡང་ཨིས་ར་ཨེལ་གྱི་རྒྱལ་པོ་ལྕགས་རིའི་སྟེང་ན་འཆག་པའི་ཚེ་ན། བུད་མེད་ཅིག་གིས་ཁོང་ལ་འོ་དོད་འབོད་ཅིང་། ཀྱེ་ངའི་ཇོ་བོ། རྒྱལ་པོ་ལགས། ང་ལ་གྲོགས་མཛོད་ཅིག ཅེས་ཞུས་པ་ལས། ༢༧ དེས་མོ་ལ། གལ་ཏེ་ཡ་ཧོ་ཝཱས་ཁྱོད་ལ་གྲོགས་མི་མཛད་ན། ངས་ཁྱོད་ལ་གཡུལ་ཐང་ངམ། རྒུན་འབྲུམ་འཚིར་བའི་གཞོང་པའི་ནང་ནས་ཇི་ལྟར་ར་མདའ་བྱ། ཞེས་སྨྲས་ནས། ༢༨ ཡང་རྒྱལ་པོས་མོ་ལ། ཁྱོད་ལ་ཅི་བྱུང་། བྱས་པས། མོས་དེ་ལ། བུད་མེད་འདིས་ང་ལ། དེ་རིང་འོ་སྐོལ་གྱི་ཟ་རུ་ཁྱོད་ཀྱི་བུ་དེ་ཐོང་དང་། སང་ཉིན་འོ་སྐོལ་གྱིས་ངའི་བུ་དེ་ཟ་བར་བྱའོ། ཞེས་སྨྲས་ནས། ༢༩ འོ་སྐོལ་གྱིས་ངའི་བུ་དེ་བཙོས་ནས་ཟོས་པ་ཡིན། དེའི་ཕྱི་ཉིན་ངས་དེ་ལ། ད་ཁྱོད་ཀྱི་བུ་དེ་ཟ་རུ་ཐོང་ཟེར་ཀྱང་། མོས་རང་གི་བུ་སྦས་ནས་བཞག་གོ། ཞེས་ཞུས་སོ། ༣༠ རྒྱལ་པོས་བུད་མེད་ཀྱི་གཏམ་དེ་ཐོས་པའི་དུས་སུ། རང་གི་གོས་བཤག་སྟེ། ལྕགས་རིའི་སྟེང་ནས་འདང་བ་ལས། མི་རྣམས་ཀྱིས་བལྟས་པས། དེའི་གོས་ཀྱི་མཐིལ་དུ་ལུས་ལ་རེ་བ་ནག་པོ་གྱོན་ཡོད་པར་མཐོང་ངོ་། ༣༡ ཡང་དེས། གལ་ཏེ་ཉི་མ་དེ་རིང་ཤ་ཕད་ཀྱི་བུ་ཨེ་ལི་ཤཱའི་མགོ་དེའི་ལུས་ཀྱི་ཁར་ལུས་པར་འགྱུར་ན། དཀོན་མཆོག་གིས་ང་ལ་དེ་ལྟ་བུའམ། དེ་ལས་ཀྱང་ལྷག་པར་མཛད་པར་ཤོག་ཅིག ཅེས་སྨྲས་སོ༎
༣༢ ཨེ་ལི་ཤཱ་རང་གི་ཁྱིམ་ན་བཞུགས་ཏེ། རྒན་རབས་རྣམས་ཀྱང་ཁོང་དང་མཉམ་དུ་བསྡད་པ་དང་། རྒྱལ་པོས་རང་གི་འཁོར་པ་ཞིག་མངགས་ཏེ། བང་ཆེན་ཁོང་གི་དྲུང་དུ་མ་བསླེབ་པའི་གོང་དུ། ཁོང་གིས་རྒན་རབས་དག་ལ། ངའི་མགོ་གཅོད་པ་ལ་མི་གསོད་མཁན་གྱི་བུས་མི་ཞིག་མངགས་པར་ཁྱེད་ཚོས་མཐོང་ངམ། ད་ལྟོས་ཤིག བང་ཆེན་དེ་སླེབ་མ་ཐག་ཏུ་སྒོ་ཆུག་ལ། སྒོའི་རྩར་ཁོ་དམ་དུ་འཛིན་འཇོག་ཅིག ཁོའི་རྒྱབ་རྒྱབ་ནས་ཁོའི་དཔོན་པོའི་རྐང་སྒྲ་ཡང་མི་ཐོས་སམ། ཞེས་སྨྲས་ནས། ༣༣ ཁོང་གིས་དེ་དག་ལ་གླེང་འཕྲོ་མ་རྫོགས་པར། བང་ཆེན་དེ་ཁོང་གི་རྩར་བསླེབས་བྱུང་། དེར་ཁོང་གིས། ལྟོས་ཤིག རྐྱེན་ངན་འདི་ཡ་ཧོ་ཝཱ་ལས་བྱུང་བས། ད་དུང་ཡང་ང་ཡ་ཧོ་ཝཱ་ལ་ཅི་ལ་སྒུག་པར་བྱ། ཞེས་སྨྲས་སོ༎