དེ་ནས་ཨེ་ལི་ཤཱས་དེ་རྣམས་ལ། ད་ཁྱོད་ཅག་གིས་ཡ་ཧོ་ཝཱའི་གསུང་ལ་ཉོན་ཅིག ཡ་ཧོ་ཝཱས་འདི་སྐད་དུ། སང་ཉིན་དུས་ཚོད་འདི་ཙམ་དུ་ས་མར་ཡཱའི་རྒྱ་སྒོར་ཤེ་ཀེལ་གཅིག་ལ་རྒྱ་ཞིབ་བྲེ་གང་དང་། ཤེ་ཀེལ་གཅིག་ལ་ནས་བྲེ་གཉིས་རེ་འཚོང་བར་འགྱུར་རོ་ཞེས་གསུང་ངོ་། སྨྲས་པ་དང་།  རྒྱལ་པོས་ལག་པ་བསྙེས་པའི་དམག་དཔོན་གྱིས་དཀོན་མཆོག་གི་སྐྱེས་བུ་དེ་ལ། ཇི་སྟེ་ཡ་ཧོ་ཝཱས་ནམ་མཁའི་ནང་དུ་དཀར་ཁུང་འདོགས་པར་མཛད་ཀྱང་། དེ་འདྲ་འབྱུང་དུ་སྲིད་དམ། ཟེར་བས། ཁོང་གིས་དེ་ལ། ལྟོས། ཁྱོད་རང་གི་མིག་གིས་དེ་མཐོང་ཡང་། དེ་ལས་ཟ་བར་མི་འགྱུར་རོ། ཞེས་གསུངས་སོ༎
 དེའང་རྒྱལ་སྒོའི་ཕྱི་རོལ་ན་མཛེ་ཅན་བཞི་ཡོད་པ་ལས། དེ་དག་གཅིག་གིས་གཅིག་ལ། འཆི་བ་ལ་ཐུག་པའི་བར་དུ་ངེད་འདིར་ཅི་ལ་སྡོད།  ཇི་སྟེ་ངེད་གྲོང་ཁྱེར་གྱི་ནང་དུ་འགྲོ་བར་བྱ་ཟེར་ན། གྲོང་ཁྱེར་ནང་མུ་གེ་ཡོད་པས། ངེད་དེར་ཡང་འཆི་བར་འགྱུར། ཡང་ཇི་སྟེ་འདིར་སྡོད་ཀྱང་འཆི་བར་འགྱུར་བས་ན། ཤོག་ལ། ངེད་ཨ་རམ་པའི་དམག་ཁྲོད་དུ་འགྲོ་བར་བྱ། གལ་ཏེ་དེ་དག་གིས་ངེད་གསོན་པོར་འབོར་ན། ངེད་ཐར་བར་འགྱུར། གལ་ཏེ་སྲོག་དང་འཕྲལ་ན། ངེད་འཆི་ན་ཡང་ཚད། ཅེས་སྨྲས་ནས།  དེ་དག་སྐྱ་རེངས་ཀྱི་དུས་སུ་ལངས་ཏེ། ཨ་རམ་པའི་དམག་བྲང་དུ་ཆས་ནས། དེ་དག་ཨ་རམ་པའི་དམག་སྒར་གྱི་མཐའ་མའི་མཚམས་སུ་བསླེབས་པ་དང་། ལྟོས་ཤིག དེར་མི་གཅིག་ཀྱང་མེད་པ་ཡིན།  ཅི་ལ་ཞེ་ན། ཡ་ཧོ་ཝཱས་ཨ་རམ་པ་ལ་ཤིང་རྟའི་སྐད་དང་། རྟའི་རྐང་སྒྲ་དང་། དམག་དཔུང་ཆེན་པོ་ཞིག་གི་ཀུ་སྒྲ་ཐོས་སུ་བཅུག་པ་ལས། དེ་རྣམས་གཅིག་གིས་གཅིག་ལ། ལྟོས་ཤིག ཨིས་ར་ཨེལ་གྱི་རྒྱལ་པོས་ཧེད་པའི་རྒྱལ་པོ་རྣམས་དང་། མི་སེར་པའི་རྒྱལ་པོ་རྣམས་ལ་གླ་སྦྱིན་ནས། ངེད་ལ་དམག་འགྱེད་དུ་སྦྲན་ནས་འཁྱེར་འོངས་པ་ལགས། ཞེས་སྨྲས་ཏེ།  དགོངས་མོའི་སྲོད་ལ་ལངས་ནས། བྲོས་སོང་སྟེ། དེ་དག་གིས་རང་གི་གུར་དང་། རྟ་དང་། བོང་བུ་རྣམས་དམག་བྲང་དུ་བཞག་ནས། སྲོག་ཐར་དུ་བྲོས་སོང་བ་ཡིན།  དེ་ནས་མཛེ་ཅན་དེ་དག་དམག་སྒར་གྱི་མཐའ་མའི་མཚམས་སུ་ཕྱིན་པ་དང་། གུར་ཞིག་གི་ནང་དུ་ཞུགས་ནས། ཟོས་ཏེ་བཏུང་སྟེ། དེའི་ནང་ནས་གསེར་དངུལ་དང་གོས་ལག་བཀུར་ཁྱེར་ནས། སྦས་བཞག་སྟེ། ཡང་གུར་ཞིག་གི་ནང་དུ་ཞུགས་ནས། དེ་ནས་ཀྱང་བསྐྱས་ཏེ་སྦས་བཞག་གོ།
 དེ་ནས་དེ་དག་གཅིག་གིས་གཅིག་ལ། ངེད་ཀྱིས་བྱས་པ་འདི་བཟང་པོ་མ་ཡིན། དེ་རིང་ནི་ཕྲིན་བཟང་སྒྲོག་པའི་ཉིན་མོ་ཡིན་པས། ངེད་ཅག་ཁ་རོག་ཅིང་ཐོ་རངས་ཀྱི་བར་དུ་འདིར་སྒུག་སྡོད་ན། ངེད་ཅག་ལ་སྐྱོན་འཕོག་འོང་བས། རྒྱལ་པོའི་ཕོ་བྲང་དུ་ཕྲིན་སྐྱེལ་དུ་འདོང་ཞིག་བྱས་ནས། ༡༠ དེ་དག་འོངས་ནས། གྲོང་ཁྱེར་གྱི་སྒོ་སྲུང་མཁན་ལ་བོས་ཏེ་དེ་ལ། བདག་ཅག་ཨ་རམ་པའི་དམག་སྒར་དུ་ཕྱིན་པ་ཡིན། ལྟོས། དེར་མི་ཡང་མི་འདུག མི་སྐད་ཀྱང་མི་འདུག རྟ་བོང་རྣམས་བཏགས་ནས་འདུག ཡང་གུར་རྣམས་ཁྲིག་གེར་འདུག་གོ། བྱས་ནས་བཤད་པ་དང་། ༡༡ དེས་གཞན་སྒོ་པ་རྣམས་ལ་བོས་ནས། རྒྱལ་ཁབ་ཏུ་ཕྲིན་བསྐྱལ་ཏོ། ༡༢ དེ་ནས་རྒྱལ་པོ་མཚན་མོར་ལངས་ནས། དྲུང་འཁོར་རྣམས་ལ། ཨ་རམ་པས་ངེད་ཀྱི་དོན་དུ་ཅི་བྱས་པ་ཡིན་ངས་འཆད་པར་བྱ་སྟེ། དེ་དག་ལ་ངེད་ལྟོགས་པའི་ཆ་ཡོད་པས། ནམ་ཨིས་ར་ཨེལ་པ་གྲོང་ཁྱེར་གྱི་ནང་ནས་འཐོན་པའི་ཚེ། འོ་ཅག་གིས་དེ་དག་གསོན་པོར་འཛིན་ཏེ། གྲོང་ཁྱེར་གྱི་ནང་དུ་འཚང་འགྲོའོ། སྨྲ་ཞིང་། དེ་རྣམས་རང་གི་དམག་སྒར་ལས་ཐོན་ཏེ། ཐང་གར་ཡིབ་སྡོད་དུ་སོང་བ་ཡིན། ཞེས་སྨྲས་པས། ༡༣ འཁོར་གྱི་ནང་ནས་གཅིག་གིས་དེའི་ལན་དུ། གྲོང་ཁྱེར་གྱི་ནང་ན་ལུས་པའི་རྟའི་ཁྲོད་ལས་ལྔ་བླངས་ནས་ཕར་ཐོང་ཞིག འདི་ལྔ་པོ་འཆི་ཁར་ཡོད་པའི་ཨིས་ར་ཨེལ་གྱི་མི་ཚོགས་ཕྱི་ལུས་དང་འདྲ་སྟེ། ངེས་ཀྱིས་འདི་དག་བཏང་ནས། ལྟ་བར་བྱའོ། ཞེས་ཞུས་ནས། ༡༤ དེའི་ཕྱིར་དེ་དག་གིས་ཤིང་རྟ་འཁོར་ལོ་གཉིས་དང་རྟ་བཅས་ཁྲིད་འོང་བས། རྒྱལ་པོས་དེ་དག་ཨ་རམ་པའི་དམག་དཔུང་གི་ཕྱི་བཞིན་བཏང་སྟེ། ད་སོང་ལ་ལྟོས་ཤིག ཅེས་བསྒོའོ། ༡༥ དེ་ནས་དེ་དག་དེ་རྣམས་ཀྱི་རྗེས་སུ་ཡོར་དན་གྱི་བར་དུ་སོང་སྟེ། ལྟོས་ཤིག ལམ་ཐམས་ཅད་ཨ་རམ་པས་རྟབ་རྟོབ་ལ་ཕངས་པའི་གོས་དང་ཡོ་བྱད་ཀྱིས་གང་སྟེ་ཡོད་པ་ཡིན། དེ་ནས་བང་ཆེན་རྣམས་ཕྱིར་ལོག་འོངས་ནས། རྒྱལ་པོ་ལ་བཤད་པ་དང་།
༡༦ མི་རྣམས་ཕྱི་རོལ་དུ་ཐོན་ནས། ཨ་རམ་པའི་དམག་སྒར་ལ་ཧབ་ཐོབ་བརྒྱབས་ཏེ། ཡ་ཧོ་ཝཱས་གསུངས་པ་བཞིན་དུ། དངུལ་གྱི་ཤེ་ཀེལ་རེ་ལ་རྒྱ་ཞིབ་བྲེ་རེ་དང་། ནས་བྲེ་གཉིས་དངུལ་གྱི་ཤེ་ཀེལ་རེ་ལ་འཚོང་བར་གྱུར་ཏོ། ༡༧ ཡང་རྒྱལ་པོ་སྔོན་དུ་བསྙེས་ཡོད་པའི་དམག་དཔོན་དེ་རྒྱ་སྒོར་ལྟ་རུ་བསྐོས་པ་དང་། དཀོན་མཆོག་གི་སྐྱེས་བུས་རྒྱལ་པོ་འོང་དུས་སུ་དེ་ལ་གསུངས་པ་བཞིན་དུ། མི་རྣམས་ཀྱིས་དེ་ནི་རྡོག་རྫིས་སུ་བཏང་ནས། ཚེ་འདས་སོ། ༡༨ དེ་ལྟར་དཀོན་མཆོག་གི་སྐྱེས་བུས་རྒྱལ་པོ་ལ། སང་ཉིན་འདི་ཚོད་ལ་ས་མར་ཡཱའི་རྒྱལ་སྒོ་རུ་ཤེ་ཀེལ་རེ་ལ་ནས་བྲེ་གཉིས་རེ་དང་། རྒྱ་ཞིབ་བྲེ་གང་ཤེ་ཀེལ་རེ་ལ་འཚོང་བར་འགྱུར་རོ། གསུངས་པ་བཞིན་དུ་གྲུབ་པར་གྱུར་ཏོ། ༡༩ ཡང་དམག་དཔོན་གྱིས་དཀོན་མཆོག་གི་སྐྱེས་བུ་ལ་ལན་ཟློག་ཅིང་། ལྟོས། གལ་ཏེ་ཡ་ཧོ་ཝཱས་ནམ་མཁའི་ནང་དུ་དཀར་ཁུང་འདོན་པར་མཛད་ན་ཡང་། དེ་ལྟར་འབྱུང་སྲིད་དམ། བྱས་ནས། དཀོན་མཆོག་གི་སྐྱེས་བུས་དེ་ལ། ལྟོས། ཁྱོད་ཀྱི་མིག་གིས་བྱ་བ་དེ་མཐོང་གིས། དེ་ལས་ཟ་བར་མི་འགྱུར་རོ། གསུངས་པ་ལྟར་དུ། ༢༠ འབྱུང་བར་གྱུར་ནས། མི་རྣམས་ཀྱིས་ཁོ་རྒྱ་སྒོ་རུ་རྡོག་རྫིས་སུ་བཏང་ནས། ཚེ་ལས་འདས་སོ༎