༨
དེ་ནས་ཨེ་ལི་ཤཱས་གསོན་པོར་བསླངས་པའི་བུ་དེའི་མ་ལ། ཡ་ཧོ་ཝཱས་མུ་གེ་ལ་བརྡ་བརྒྱབ་ཡོད་པས། ལོ་བདུན་གྱི་རིང་དུ་དེ་ནི་ཡུལ་འདིར་ལུས་འོང་བས་ན། ཁྱོད་ལོངས་ལ། ཁྱོད་རང་དང་རང་གི་བཟའ་ཚོ་རྣམས་སོང་ལ། གང་དུ་སྡོད་ནུས་པ་ཞིག་ཏུ་སྡོད་ཅིག ཅེས་བསྒོ་བ་དང་། ༢ བུད་མེད་དེ་ལངས་ཏེ། དཀོན་མཆོག་གི་སྐྱེས་བུ་དེས་བསྒོ་བ་བཞིན་དུ་བྱས་ཏེ། རང་གི་བཟའ་ཚོ་དང་བཅས་སུ་སོང་ནས། ཕེ་ལེ་ཤེད་པའི་ཡུལ་དུ་ལོ་བདུན་གྱི་བར་དུ་བསྡད་དོ། ༣ ཡང་ལོ་བདུན་པའི་མཇུག་ཏུ་བུད་མེད་དེ་ཕེ་ལེ་ཤེད་པའི་ཡུལ་ནས་ཕྱིར་ལོག་འོངས་ནས། རང་གི་ཁྱིམ་དང་ཞིང་གི་དོན་དུ་ཞུ་འབུལ་བྱེད་དུ་རྒྱལ་པོའི་དྲུང་དུ་སོང་བ་དང་། ༤ དེའི་དུས་སུ་རྒྱལ་པོས་དཀོན་མཆོག་གི་སྐྱེས་བུའི་ཞབས་ཕྱི་གེ་ཧ་ཟི་དང་གླེང་མོ་མཛད་ཅིང་དེ་ལ། ཨེ་ལི་ཤཱས་མཛད་པའི་མཛད་པ་ཁྱད་མཚར་ཆེ་བ་ཐམས་ཅད་ང་ལ་ཤོད་ཅིག ཅེས་སྨྲས་པས། ༥ དེས་རྒྱལ་པོ་ལ་ཁོང་གིས་ཇི་ལྟར་རོ་ཞིག་གསོན་བཅུག་པའི་ལོ་རྒྱུས་དེ་འཆད་པའི་ཚེ་ན། ལྟོས་ཤིག གསོན་བཅུག་པའི་བུའི་མ་དེས་རྒྱལ་པོ་ལ་རང་གི་ཞིང་ཁང་གི་དོན་དུ་འོ་དོད་བཏང་བས། གེ་ཧ་ཟི་ན་རེ། ཀྱེ་བདག་གི་ཇོ་བོ། རྒྱལ་པོ་ལགས། བུད་མེད་དེ་ནི་འདི་ཡིན་ཏེ། ཨེ་ལི་ཤཱས་གསོན་བཅུག་པའི་བུ་ཡང་འདི་རང་ཡིན་ནོ། ཞུས་པ་དང་། ༦ རྒྱལ་པོས་ཀྱང་བུད་མེད་ལ་དྲིས་ནས། དེས་ཐམས་ཅད་བཤད་དོ། དེར་རྒྱལ་པོས་དཔོན་པོ་ཞིག་བསྐོས་ནས་དེ་ལ། མོའི་ཡིན་ཚད་དང་། མོས་རང་ཡུལ་བསྐྱུར་བའི་ཉིན་མོ་ནས་བཟུང་སྟེ། ད་ལྟའི་བར་གྱི་ཞིང་གི་འཐོན་དང་བཅས་མོ་ལ་ཕྱིར་སྦྱིན་པར་བྱོས་ཤིག ཅེས་བསྒོའོ༎༧ ཡང་ཨེ་ལི་ཤཱ་་ད་མཱ་སེག་ཏུ་ཕྱིན་པ་དང་། ཨ་རམ་གྱི་རྒྱལ་པོ་བེན་ཧ་དད་ནད་ཀྱིས་བཏབ་སྟེ་ཡོད་པ་ལས། དཀོན་མཆོག་གི་སྐྱེས་བུ་དེར་འོང་བའི་ཕྲིན་ཐོས་སོ། ༨ དེར་རྒྱལ་པོས་ཧ་ཟ་ཨེལ་ལ། ཁྱོད་ཀྱིས་རང་གི་ལག་ཏུ་ཞུ་རྟེན་ཞིག་ཐོགས་ནས། དཀོན་མཆོག་གི་སྐྱེས་བུ་ལ་བསུར་སོང་སྟེ། ང་ནད་འདི་ལས་འགྲོལ་མིན་འདྲིས་ཤིང་། ཁོང་ལས་ཡ་ཧོ་ཝཱའི་ཐུགས་བརྟག་ཞུས་ཤིག ཅེས་བཀའ་གནང་བ་དང་། ༩ ཧ་ཟ་ཨེལ་ཁོང་ལ་བསུར་ཕྱིན་ཏེ། ད་མཱ་སེག་གི་བཟང་ནོར་ཐམས་ཅད་ལས་ཞུ་རྟེན་རྔ་མོང་བཞི་བཅུ་ལ་བཀལ་ཏེ། མཉམ་དུ་ཁྱེར་ཏེ། དེར་བསླེབས་ནས་ཁོང་གི་དྲུང་དུ་ལངས་ཏེ་ཁོང་ལ། ཨ་རམ་གྱི་རྒྱལ་པོ་ཁྱེད་ཀྱི་བུ་བེན་ཧ་དད་ཀྱིས་བདག་ཁྱེད་ཀྱི་དྲུང་དུ་བཏང་སྟེ། ང་ནད་འདི་ལས་འགྲོལ་བར་འགྱུར་རམ། ཞེས་འདྲིའོ། སྨྲས་པ་དང་། ༡༠ ཨེ་ལི་ཤཱས་ལན་དུ། ཁྱོད་སོང་སྟེ་དེ་ལ། ཁྱོད་ཕན་པར་འགྱུར་སྦྲོན་ཞིག འོན་ཀྱང་དེ་ནི་ངེས་པར་འཆི་བར་འགྱུར་བར་ཡ་ཧོ་ཝཱས་ང་ལ་མངོན་པར་མཛད་དོ། ཞེས་གསུངས་ནས། ༡༡ དེ་ནི་ངོ་ཚ་བར་མ་འགྱུར་བའི་བར་དུ་མིག་སྲན་བཏང་ནས། དཀོན་མཆོག་གི་སྐྱེས་བུ་དེ་བཤུམས་སོ། ༡༢ དེར་ཧ་ཟ་ཨེལ་གྱིས། བདག་གི་ཇོ་བོ་ལགས། ཤུམ་ཅི་ལ་ཤུམ། བྱས་པས། ཁོང་གིས་དེ་ལ། ཅི་ལ་ངུ་ཟེར་ན། ཁྱོད་ཀྱིས་ཨིས་ར་ཨེལ་གྱི་བུ་བརྒྱུད་ལ་བྱེད་པར་འགྱུར་བའི་བྱ་བ་ངན་པ་རྣམས་ཀྱི་ཆ་ང་ལ་ཡོད། ཁྱོད་ཀྱིས་དེའི་གྲོང་ཁྱེར་བཙན་པོ་རྣམས་མེས་བསྲེགས་ཏེ། དེའི་ན་གཞོན་རྣམས་རལ་གྲིས་བསད་དེ། དེ་དག་གི་ཕྲུ་གུ་རྣམས་ས་ལ་བརྡབ་སྟེ། དེ་དག་གི་སྦྲུམ་མ་རྣམས་ཀྱི་གྲོད་པ་གཤག་པར་འགྱུར་རོ། གསུངས་པ་དང་། ༡༣ ཧ་ཟ་ཨེལ་གྱིས། བདག་ཁྱེད་ཀྱི་བྲན་པོ་ཁྱི་ལྟ་བུས་བྱ་བ་ཆེན་པོ་དེ་ཇི་ལྟར་བྱེད་དམ། ཞུས་པས། ཨེ་ལི་ཤཱས་ལན་དུ། ཁྱོད་ཨ་རམ་གྱི་རྒྱལ་པོར་འགྱུར་བ་ནི་ཡ་ཧོ་ཝཱས་ང་ལ་བསྟན་བྱུང་གསུངས་སོ། ༡༤ དེ་ནས་མི་དེ་ཨེ་ལི་ཤཱའི་དྲུང་ནས་སོང་སྟེ། དེའི་དཔོན་པོའི་རྩར་ཕྱིན་ཏོ། དེས་ཁོ་ལ། ཨེ་ལི་ཤཱས་ཁྱོད་ལ་ཅི་ཟེར་བྱས་ནས་དེས། ཁྱེད་ངེས་པར་ཕན་པར་འགྱུར། ཞེས་ང་ལ་བཤད་བྱུང་སྨྲས་སོ། ༡༥ དེའི་སང་ཉིན་དེས་རས་འཐུག་པོ་ཞིག་བླངས་ནས། ཆུར་སྦང་སྟེ། དེའི་གདོང་ལ་བཀབ་པས། དེ་ནི་ཚེ་འདས་སོ། དེ་ནས་ཧ་ཟ་ཨེལ་དེའི་མལ་དུ་རྒྱལ་པོ་གྱུར་ཏོ༎
༡༦ ཡང་ཨིས་ར་ཨེལ་གྱི་རྒྱལ་པོ་ཨ་ཧབ་ཀྱི་སྲས་ཡོ་རམ་གྱིས་སྲིད་བྱེད་པའི་ལོ་ལྔ་པར། ཡ་ཧུ་དཱའི་རྒྱལ་པོ་ཡེ་ཧོ་ཤ་ཕད་ཀྱི་སྲས་ཡོ་རམ་རྒྱལ་པོར་གྱུར་ཏོ། ༡༧ དེ་ནི་རྒྱལ་པོར་འགྱུར་དུས་སུ་ལོ་སུམ་ཅུ་སོ་གཉིས་ལོན་པ་དང་། ཡེ་རུ་ཤ་ལེམ་དུ་ལོ་བརྒྱད་ཀྱི་རིང་དུ་རྒྱལ་སྲིད་བྱས་སོ། ༡༨ དེས་ཀྱང་ཨ་ཧབ་ཀྱི་བུ་བརྒྱུད་ཀྱིས་སྤྱད་པ་ལྟར་དུ། ཨིས་ར་ཨེལ་གྱི་རྒྱལ་པོའི་ལམ་བཞིན་དུ་འགྲུལ་ཏོ། གང་ལ་ཞེ་ན། ཨ་ཧབ་ཀྱི་བུ་མོ་ནི་དེའི་ཆུང་མར་ཡོད་པ་ཡིན་ཏེ། དེས་ཡ་ཧོ་ཝཱའི་སྤྱན་སྔར་ངན་པ་ཡིན་པ་དེ་བྱས་སོ། ༡༩ ད་དུང་ཡང་ཡ་ཧོ་ཝཱས་ཉིད་ཀྱི་བྲན་པོ་དཱ་བིད་ཀྱི་ངོར། ཡ་ཧུ་དཱ་མེད་པར་མཛད་པ་ལ་ཐུགས་མ་མཉེས་སོ། ཁོང་གིས་དེ་ལ། ངས་ཁྱོད་དང་། ཁྱོད་ཀྱི་བུ་བརྒྱུད་ལ་དུས་གཏན་དུ་མར་མེ་ཞིག་གནང་བར་བྱའོ། ཞེས་ཞལ་གྱིས་བཞེས་པའི་ཕྱིར་རོ༎
༢༠ དེའི་དུས་སུ་ཨེ་དོམ་པ་རྣམས་ཀྱིས་ཡ་ཧུ་དཱ་ལ་ངོ་ལོག་བྱས་ནས། དེ་རྣམས་ཀྱིས་རང་ལ་རྒྱལ་པོ་ཞིག་བསྐོས་སོ། ༢༡ དེའི་ཕྱིར་ཡོ་རམ་གྱིས་ཤིང་རྟ་ཐམས་ཅད་དང་བཅས་སུ་ཙ་ཨིར་དུ་ཕྱིན་ཏེ། མཚན་མཆོང་བཏང་ནས། རང་ལ་བསྐོར་ཞིང་ཡོད་པའི་ཨེ་དོམ་པ་དང་། ཤིང་རྟའི་དམག་དཔོན་རྣམས་འཇོམས་པར་བྱས་པ་དང་། མི་དེ་རྣམས་རེ་རང་གི་གུར་དུ་བྲོས་སོ། ༢༢ དེ་ལྟར་ཨེ་དོམ་པས་ཡ་ཧུ་དཱ་ལ་ངོ་ལོག་བྱས་ནས། ཉི་མ་དེ་རིང་གི་བར་དུ་ལག་པ་ནས་ཤོར། དེ་དང་དུས་མཚུངས་པར་ལིབ་ནཱ་ཡིས་ཀྱང་ངོ་ལོག་བྱས་སོ། ༢༣ ཡོ་རམ་གྱི་གཞན་བྱ་བ་དང་། དེས་ཇི་བྱས་པ་ཐམས་ཅད་ཡ་ཧུ་དཱའི་རྒྱལ་པོ་རྣམས་ཀྱི་རྒྱལ་རབས་ཀྱི་གླེགས་བམ་གྱི་ནང་དུ་བྲིས་སོ། ༢༤ དེ་ནས་ཡོ་རམ་རང་གི་ཕ་མེས་ཀྱི་ཁྲོད་དུ་གཉིད་དུ་སོང་ནས། དཱ་བིད་ཀྱི་གྲོང་ཁྱེར་ནང་ཕ་མེས་ཀྱི་ཁྲོད་དུ་དུར་དུ་བཙུད་དོ། ཡང་དེའི་སྲས་ཨ་ཧས་ཡཱས་དེའི་མལ་དུ་རྒྱལ་སྲིད་བསྐྱངས་སོ༎
༢༥ ཨིས་ར་ཨེལ་གྱི་རྒྱལ་པོ་ཨ་ཧབ་ཀྱི་སྲས་ཡོ་རམ་གྱིས་རྒྱལ་སྲིད་བྱེད་པའི་ལོ་བཅུ་གཉིས་པར། ཡ་ཧུ་དཱའི་རྒྱལ་པོ་ཡོ་རམ་གྱི་སྲས་ཨ་ཧས་ཡཱ་་ཡ་ཧུ་དཱའི་རྒྱལ་པོར་གྱུར་ཏོ། ༢༦ ཨ་ཧས་ཡཱས་རྒྱལ་སྲིད་བཟུང་དུས་སུ། ལོ་ཉེར་གཉིས་ལོན་ཡོད་དེ། ཡེ་རུ་ཤ་ལེམ་དུ་ལོ་གཅིག་གི་རིང་དུ་རྒྱལ་སྲིད་བསྐྱངས་སོ། དེའི་ཡུམ་ནི་ཨིས་ར་ཨེལ་གྱི་རྒྱལ་པོ་ཨོམ་རིའི་སྲས་མོ་ཨ་ཐལ་ཡཱ་བྱ་བའོ། ༢༧ དེ་ཡང་ཨ་ཧབ་ཀྱི་བུ་བརྒྱུད་ཀྱི་ལམ་ལ་འགྲུལ་ཏེ། ཨ་ཧབ་ཀྱི་བརྒྱུད་ཀྱིས་བྱས་པ་ལྟར་དུ་ཡ་ཧོ་ཝཱའི་སྤྱན་སྔར་ངན་པ་ཡིན་པ་དེ་བྱས་སོ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་ཨ་ཧབ་ཀྱི་ཕ་སྤད་ཀྱི་མག་པ་ཡིན་པའི་ཕྱིར་རོ༎
༢༨ དེ་ནས་ཁོང་ཨ་ཧབ་ཀྱི་སྲས་ཡོ་རམ་དང་མཉམ་དུ་ཨ་རམ་རྒྱལ་པོ་ལ་དམག་འགྱེད་དུ་རཱ་མོད་གིལ་ཨད་དུ་སོང་ནས། ཨ་རམ་པས་དེ་སྣད་པར་བྱས་སོ། ༢༩ ཡང་རྒྱལ་པོ་ཡོ་རམ་ནི་ཨ་རམ་རྒྱལ་པོ་ཧ་ཟ་ཨེལ་དང་གཡུལ་འགྱེད་དུས་སུ། ཨ་རམ་པས་རཱ་མཱ་རུ་དེ་ལ་ཕྱུང་བའི་རྨ་དེ་གསོ་བ་ལ། ཡིས་རེ་ཨེལ་དུ་ཕྱིར་ལོག་སོང་བ་དང་། ཡ་ཧུ་དཱའི་རྒྱལ་པོ་ཡོ་རམ་གྱི་སྲས་ཨ་ཧས་ཡཱ་དེ་ཨ་ཧབ་ཀྱི་སྲས་སྣད་པོ་ཡོ་རམ་ལ་ལྟ་བར་ཡིས་རེ་ཨེལ་དུ་སོང་ངོ་༎