དེ་ནས་ལུང་སྟོན་པ་ཨེ་ལི་ཤཱས་ལུང་སྟོན་པའི་བུའི་ཁྲོད་ལས་གཅིག་ལ་བོས་ནས་དེ་ལ། ད་རང་གི་སྐ་རགས་སྡོམ་ལ། འབྲུ་མར་གྱི་བུམ་པ་འདི་ལག་ཏུ་ཐོགས་ཏེ། རཱ་མོད་གིལ་ཨད་དུ་སོང་ཞིག  དེར་སླེབ་དུས་སུ། ནིམ་ཤིའི་ཚ་བོའམ་ཡེ་ཧོ་ཤ་ཕད་ཀྱི་བུ་ཡེ་ཧུ་བྱ་བ་དེ་ཚོལ་ཞིག ཡང་ནང་དུ་ཞུགས་ནས། དེའི་སྤུན་ཟླའི་ཁྲོད་ལས་བསླངས་ཏེ། ནང་ཁུལ་མའི་ནང་དུ་དེ་ཁྲིད་ཁྱེར་ཞིག  དེ་ནས་མར་བླུག་འདི་བླངས་ནས། དེའི་མགོ་ལ་བླུག་ཅིང་དེ་ལ། ཡ་ཧོ་ཝཱས་འདི་སྐད་དུ། ཁྱོད་སྣུམ་གྱིས་བྱུགས་ཏེ། ཨིས་ར་ཨེལ་གྱི་རྒྱལ་པོར་བསྐོས་པ་ཡིན། གསུང་ངོ་། བྱས་ནས། སྒོ་ཕྱེས་ཏེ་དེ་ནས་བྲོས་ཤིག་དང་། འགོར་དུ་མ་ཆུག་ཅིག ཅེས་གདམས་སོ༎
 དེ་ནས་ལུང་སྟོན་པའི་བུ་དེ་རཱ་མོད་གིལ་ཨད་དུ་སོང་སྟེ།  དེར་ཕྱིན་པའི་ཚེ་ན། དམག་དཔོན་རྣམས་བསྡད་ཡོད་པ་དང་། དེས། ཀྱེ་དམག་དཔོན། ཁྱེད་ཀྱི་ཕྱིར་ང་ལ་ཕྲིན་ཞིག་ཡོད། སྨྲས་པས། ཡེ་ཧུས། ང་རྣམས་ལས་ཕྲིན་སུ་ལ་ཡོད། དྲིས་པའི་ལན་དུ་དེས། ཀྱེ་དམག་དཔོན། ཁྱེད་ལ་ཕྲིན་ཞིག་ཡོད། ཞུས་པ་དང་།  དེ་ལངས་ནས་ཁྱིམ་དུ་སོང་བ་དང་། དེས་ཁོའི་མགོ་ལ་སྣུམ་དེ་བླུག་ཅིང་དེ་ལ། ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གིས་འདི་སྐད་གསུང་། ངས་ཁྱོད་སྣུམ་གྱིས་བྱུགས་ནས། ཡ་ཧོ་ཝཱའི་འབངས་ཨིས་ར་ཨེལ་གྱི་རྒྱལ་པོར་བསྐོས་པ་ཡིན།  ཡང་ངས་རང་གི་བྲན་པོ་ལུང་སྟོན་པ་རྣམས་ཀྱི་ཁྲག་དང་། ཡ་ཧོ་ཝཱའི་བྲན་པོ་ཐམས་ཅད་ཀྱི་ཁྲག་གི་ལན་ཡི་ཟེ་བེལ་གྱི་ལག་ནས་ལེན་པའི་ཕྱིར། ཁྱོད་ཀྱིས་རང་གི་ཇོ་བོ་ཨ་ཧབ་ཀྱི་བརྒྱུད་འཛིན་གསོད་པར་དགོས།  ཅིའི་ཕྱིར་ཞེ་ན། ཨ་ཧབ་ཀྱི་བརྒྱུད་འཛིན་ཐམས་ཅད་སྟོངས་པར་འགྱུར་ཏེ། ངས་ཨ་ཧབ་ཀྱི་ནང་ནས་བུ་ཆུང་བ་དང་། ཨིས་ར་ཨེལ་གྱི་ནང་དུ་བཙོན་དུ་ཡོད་པ་དང་། བཙོན་དུ་མེད་པ་ཐམས་ཅད་གཅིག་ཀྱང་མ་ལུས་པར་མེད་པར་བྱའོ།  ཨ་ཧབ་ཀྱི་བརྒྱུད་དེ་ངས་ནེ་བཱད་ཀྱི་བུ་ཡེ་རོབ་ཨམ་དང་། ཨ་ཧི་ཡཱ་ཡི་བུ་བ་ཨེ་ཤཱ་ཡི་བརྒྱུད་ལྟ་བུར་བྱེད་པར་བྱ། ༡༠ ཡང་ཡིས་རེ་ཨེལ་གྱི་ས་སྐལ་གྱི་ཁར་ཡི་ཟེ་བེལ་ཁྱིས་ཟ་བར་འགྱུར་ཞིང་། མོ་སྐུང་དུ་དེར་མི་གང་ཡང་ལུས་པར་མི་འགྱུར། ཞེས་སྦྲན་ནས། སྒོ་ཕྱེས་ནས་བྲོས་སོ༎
༡༡ དེ་ནས་ཡེ་ཧུ་ཕྱི་རོལ་ཏུ་ཐོན་ཏེ། རང་གི་ཇོ་བོའི་འཁོར་རྣམས་ཀྱི་མདུན་དུ་འོངས་པ་དང་། དེ་དག་གིས་དེ་ལ། ཐམས་ཅད་ལེགས་སམ། མི་སྨྱོན་དེ་ཁྱེད་ཀྱི་རྩར་ཅི་ལ་འོངས་པ་ཡིན། ཞེས་དྲིས་པས། དེས་དེ་དག་ལ། ཁྱེད་ཅག་ལ་མི་དེའི་ཆ་ཡོད། དེའི་ཕྲིན་གྱི་ཆ་ཡང་ཡོད་དོ། སྨྲས་པ་དང་། ༡༢ དེ་དག་གིས། འདི་ནི་བརྫུན་ཏེ། ད་བདག་ཅག་ལ་ཤོད་ཅིག བྱས་པ་དང་། དེས་དེ་དག་ལ། མི་དེས་ང་ལ་འདི་ན་རེ། ཡ་ཧོ་ཝཱས་འདི་སྐད་གསུང་། ངས་ཁྱོད་སྣུམ་གྱིས་བྱུགས་ཤིང་ཨིས་ར་ཨེལ་གྱི་རྒྱལ་པོར་བསྐོས་པ་ཡིན། ཞེས་པའི་གཏམ་བྱས་སོ། སྨྲས་པ་ཙམ་གྱིས། ༡༣ དེ་དག་གིས་རིངས་པ་བྱེད་ཅིང་རེ་རང་གི་གོས་ཕུད་ནས། ཐེམ་སྐས་ཀྱི་མགོར་དེའི་འོག་ཏུ་བཞག་ནས། ད་ནི་ཡེ་ཧུ་རྒྱལ་པོ་ལགས། ཞེས་འབོད་ཅིང་རྒྱ་དུང་ཕུས་སོ༎
༡༤ དེ་ལྟར་ནིམ་ཤིའི་ཚ་བོའམ། ཡེ་ཧོ་ཤ་ཕད་ཀྱི་བུ་ཡེ་ཧུས་ཡོ་རམ་ལ་ངོ་ལོག་བྱས་སོ། དུས་དེ་ལ་ཨ་རམ་རྒྱལ་པོས་རྐྱེན་བྱས་ནས། ཡོ་རམ་དང་ཨིས་ར་ཨེལ་པ་ཐམས་ཅད་རཱ་མོད་གིལ་ཨད་སྲུང་གིན་ཡོད་པ་ཡིན། ༡༥ རྒྱལ་པོ་ཡོ་རམ་གྱིས་ཨ་རམ་རྒྱལ་པོ་ཧ་ཟ་ཨེལ་ལ་གཡུལ་འགྱེད་དུས་སུ། ཨ་རམ་པས་དེ་རྨས་པར་བྱས་པའི་རྨ་རྣམས་གསོ་བར་བྱེད་པ་ལ། ཡིས་རེ་ཨེལ་དུ་ལོག་སོང་ནས་ཡོད་པ་ཡིན། དེ་ནས་ཡེ་ཧུས། ད་གལ་ཏེ་ཁྱེད་ཅག་འཐད་ན། གྲོང་ཁྱེར་གྱི་ནང་ནས་སུ་ཡང་ཐོན་ཏེ། ཡིས་རེ་ཨེལ་དུ་ཕྲིན་སྐྱེལ་བར་འབྲོས་སུ་མ་ཆུག་ཅིག སྨྲས་ནས། ༡༦ ཡེ་ཧུ་ཤིང་རྟ་ལ་ཞོན་ནས། ཡིས་རེ་ཨེལ་ཕྱོགས་སུ་ཕྱིན་པ་ཡིན། གང་ལ་ཞེ་ན། དེར་ཡོ་རམ་འདུག་སྟེ། ཡ་ཧུ་དཱའི་རྒྱལ་པོ་ཨ་ཧས་ཡཱ་ཡང་ཡོ་རམ་ལ་འཕྲད་དུ་འོངས་ནས། དེར་ཡོད་པ་ཡིན། ༡༧ ཡང་ཡིས་རེ་ཨེལ་གྱི་མཁར་ཞིག་གི་རྩེ་ན་སོ་པ་ཞིག་ཙོང་ངེར་ཡོད་པ་དང་། དེས་ཡེ་ཧུའི་དམག་དཔུང་འོང་བར་མཐོང་ནས། ངས་དམག་དཔུང་ཞིག་མཐོང་ངོ་། ཞེས་སྦྲན་པའི་ལན་དུ་ཡོ་རམ་གྱིས་རྟ་པ་ཞིག་བོས་ནས། ཁྱོད་དེ་རྣམས་ལ་བསུར་སོང་ནས། བདེ་བར་ཡོད་དམ་དྲིས་ཤིག ཅེས་བསྒོ་བས། ༡༨ མི་དེ་རྟ་ལ་ཞོན་ཏེ་བསུར་སོང་སྟེ། དེ་རྣམས་ལ། རྒྱལ་པོས། བདེ་བར་ཡོད་དམ། ཞེས་འདྲིའོ། བྱས་པ་དང་། ཡེ་ཧུས་ལན་དུ། ཁྱོད་ལ་བདེ་བ་དང་དོན་ཅི་ཡོད། ངའི་རྒྱབ་ལ་སོང་ཞིག ཅེས་སྨྲས་སོ། སོ་པ་དེས། བང་ཆེན་དེ་ནི་དེ་རྣམས་ཀྱི་དྲུང་དུ་ཕྱིན་རུང་། ཚུར་མི་ལོག་གོ། བྱས་པ་དང་། ༡༩ དེས་གཞན་རྟ་པ་ཞིག་བཏང་ནས། དེ་རྣམས་ཀྱི་རྩར་ཕྱིན་ཏེ་དེ་རྣམས་ལ། རྒྱལ་པོས། བདེ་བར་ཡོད་དམ། ཞེས་འདྲིའོ། བྱས་པ་དང་། ཡེ་ཧུས། ཁྱོད་ལ་བདེ་བ་དང་དོན་ཅི་ཡོད། ངའི་རྒྱབ་ཏུ་སོང་། སྨྲས་སོ། ༢༠ ཡང་སོ་པ་དེས། མི་དེ་དེར་ཕྱིན་ཀྱང་། ཚུར་མི་ལོག་གོ། ཡང་རྟ་འདེད་ལུགས་ནི་ནིམ་ཤིའི་བུ་ཡེ་ཧུའི་འདེད་ལུགས་ལྟ་བུ་འདུག ཅི་ལ་ཞེ་ན། དེས་མི་སྨྱོན་ལྟར་དུ་འདེད་དོ། བྱས་པ་དང་།
༢༡ ཡོ་རམ་གྱིས། ཤིང་རྟ་ཁྲིག་བྱོས་ཤིག བསྒོ་བས། དེའི་ཤིང་རྟ་ཁྲིག་བྱས་ནས། ཨིས་ར་ཨེལ་གྱི་རྒྱལ་པོ་ཡོ་རམ་དང་། ཡ་ཧུ་དཱའི་རྒྱལ་པོ་ཨ་ཧས་ཡཱ་གཉིས་རེ་རང་གི་ཤིང་རྟ་ལ་ཞོན་ཏེ། ཡེ་ཧུ་ལ་བསུར་སོང་སྟེ། ཡིས་རེ་ཨེལ་པ་ནཱ་བོད་ཀྱི་ས་སྐལ་དུ་དེ་དང་འཕྲད་དོ། ༢༢ ཡང་ཡོ་རམ་གྱིས་ཡེ་ཧུ་མཐོང་བ་དང་དེ་ལ། ཀྱེ་ཡེ་ཧུ། བདེ་བར་ཡོད་དམ། དྲིས་པའི་ལན་དུ་དེས། ཁྱོད་ཀྱི་མ་ཡི་ཟེ་བེལ་གྱིས་ལོག་པར་གཡེམ་པ་དང་། ངན་ཆོས་ནི་ད་ཙམ་གྱི་བར་དུའང་ལྷག་པར་ཆེ་བས། བདེ་བ་ཅི་བདེ་བ། སྨྲས་པ་དང་། ༢༣ ཡོ་རམ་གྱིས་རང་གི་ལག་པ་རྒྱབ་ཏུ་བཟློག་ནས་འབྲོས་ཤིང་། ཨ་ཧས་ཡཱ་ལ། ཀྱེ་ཨ་ཧས་ཡཱ། འདི་ན་གཡོ་སྒྱུ་འདུག སྨྲས་པ་ལས། ༢༤ ཡེ་ཧུས་གཞུ་བསྐྱིལ་ནས། ཡོ་རམ་གྱི་སོག་པ་གཉིས་ཀྱི་མཚམས་སུ་བརྒྱབ་པས། མདའ་དེས་ཁོའི་སྙིང་བརྟོལ་པ་དང་། དེ་ནི་ཤིང་རྟའི་ནང་དུ་གཡོན་བྱས་ནས་གྱེལ་ཏོ། ༢༥ དེ་ནས་ཡེ་ཧུས་རང་གི་དམག་དཔོན་བིད་ཀཱར་ལ། ཁོ་ཐོགས་ནས། ཡིས་རེ་ཨེལ་པ་ནཱ་བོད་ཀྱི་ས་སྐལ་ནང་དབྱུག་ཅིག ང་དང་ཁྱོད་གཉིས་པོ་དེའི་ཕ་ཨ་ཧབ་ཀྱི་རྒྱབ་ནས་ཞོན་ཏེ་རྒྱུག་འགྲོ་དུས་སུ། ཡ་ཧོ་ཝཱས་དེ་ལ་འདི་འདྲའི་ལུང་བསྟན་པར་ངའི་ཡིད་ལ་འབྱུང་ངོ་། ༢༦ ཡ་ཧོ་ཝཱས་འདི་སྐད་དུ། མདང་ཉིན་ངས་ནཱ་བོད་ཀྱི་ཁྲག་དང་། དེའི་བུ་རྣམས་ཀྱི་ཁྲག་མཐོང་བར་ངེས་ཏེ། ངས་ས་སྐལ་དེའི་ཁར་དེ་ལ་ལན་པར་བྱའོ། གསུངས་པའི་ཕྱིར། ད་ཡ་ཧོ་ཝཱའི་བཀའ་བཞིན་དུ་ས་སྐལ་དེའི་ཁར་ཁོ་ཁྱེར་ནས་དབྱུགས་ཤིག་ཅེས་བསྒོའོ༎
༢༧ ཡ་ཧུ་དཱའི་རྒྱལ་པོ་ཨ་ཧས་ཡཱས་དེ་མཐོང་དུས་སུ། དེ་ཡང་ལྡུམ་རའི་ཁང་པའི་ལམ་ནས་བྲོས་སོང་བ་ལས། ཡེ་ཧུས་དེ་ལ་བདས་ཏེ་མི་རྣམས་ལ། ཁོ་ཡང་ཤིང་རྟའི་ནང་དུ་སོད་ཅིག བསྒོ་བས། དེ་དག་གིས་ཡིབ་ལེ་ཨམ་གྱི་མདུན་ན་ཡོད་པའི་གུར་བྱ་བའི་ཕྲེད་དུ་དེ་ལ་བརྡུངས་པས། དེ་མེ་གིད་དོ་རུ་བྲོས་ནས་དེར་ཚེ་འདས་སོ། ༢༨ དེ་ནས་དེའི་དྲུང་འཁོར་རྣམས་ཀྱིས་ཁོང་ཤིང་རྟའི་ནང་དུ་བརྐྱངས་ནས། ཡེ་རུ་ཤ་ལེམ་དུ་ཁྱེར་ཏེ། དཱ་བིད་ཀྱི་གྲོང་ཁྱེར་དུ་དེའི་ཕ་མེས་ཀྱི་ཁྲོད་དུ་དུར་དུ་བཙུད་དོ༎
༢༩ ཨ་ཧབ་ཀྱི་སྲས་ཡོ་རམ་གྱིས་རྒྱལ་སྲིད་བྱེད་པའི་ལོ་བཅུ་གཅིག་པར། ཨ་ཧས་ཡཱས་ཡ་ཧུ་དཱའི་རྒྱལ་སྲིད་བཟུང་ངོ་༎
༣༠ དེ་ནས་ཡེ་ཧུ་ནི་ཡིས་རེ་ཨེལ་དུ་ཕྱིན་པའི་ཚེ་ན། ཡི་ཟེ་བེལ་གྱིས་དེ་ཐོས་ནས། མིག་ལ་མིག་རྩི་བསྐུས་ནས། སྐྲ་གཤད་ནས། དཀར་ཁུང་ལས་བལྟས་སོ། ༣༡ དེ་ནས་ཡེ་ཧུ་རྒྱལ་སྒོའི་ནང་དུ་ཞུགས་པ་ཙམ་གྱིས་མོས། ཀྱེ་ཟིམ་རི། རང་གི་ཇོ་བོ་བསད་མཁན། ཁྱོད་བློ་བདེ་བྱུང་ངམ། སྨྲས་པས། ༣༢ དེས་དཀར་ཁུང་གི་ཕྱོགས་སུ་མགོ་བཏེགས་ཏེ་འདི་ན་རེ། ངའི་ཕྱོགས་པ་སུ་ཡིན། སུ་ཡིན། དྲིས་ནས། ཉུག་རུམ་གཉིས་གསུམ་གྱིས་ཁོ་ལ་བལྟས་པ་དང་། ༣༣ དེས་དེ་དག་ལ། མོ་དེ་མར་དབྱུགས་ཤིག་བསྒོ་བས། དེ་དག་གིས་མོ་མར་དབྱུགས་པས། རྩིག་པ་དང་རྟ་རྣམས་ལ་མོའི་ཁྲག་ཕོག་བྱུང་། དེས་མོ་རྐང་བརྫིས་སུ་བཏང་ངོ་། ༣༤ དེ་ནས་ནང་དུ་ཞུགས་ནས། ཟོས་ཏེ་བཏུང་སྟེ་དེ་དག་ལ། ད་སོང་ནས། དམོད་པ་ཕོག་པའི་བུད་མེད་དེ་ལ་ལྟོས་དང་། སྐུང་བར་བྱོས། ཅི་ལ་ཞེ་ན། དེ་ཡང་རྒྱལ་པོའི་སྲས་མོ་ཞིག་ཡིན་ནོ། ཞེས་སྨྲས་ནས། ༣༥ དེ་དག་མོ་སྐུང་བར་སོང་ཡང་། མོའི་ཐོད་པ་དང་། རྐང་པ་དང་། ལག་མཐིལ་མ་གཏོགས་པར། གཞན་ཅིའང་མ་བརྙེད་དོ། ༣༦ དེའི་ཕྱིར་དེ་དག་ལོག་འོངས་ནས་བཤད་པ་དང་། དེས་ནི། བྱ་བ་འདི་ནི་ཡ་ཧོ་ཝཱས་ཉིད་ཀྱི་བྲན་པོ་ཏིས་བི་པ་ཨེ་ལི་ཡཱའི་ངག་གི་སྒོ་ནས་གསུངས་པའི་བཀའ་བཞིན་དུའོ། ཁོང་གིས་འདི་སྐད་དུ། ཡིས་རེ་ཨེལ་གྱི་ས་སྐལ་དུ་ཡི་ཟེ་བེལ་ནི་ཁྱིས་ཟ་བར་འགྱུར། ༣༧ ཡང་ཡི་ཟེ་བེལ་གྱི་རོ་ནི་ཡིས་རེ་ཨེལ་གྱི་ས་སྐལ་གྱི་ཞིང་གི་ཁར་ལུད་ལྟ་བུར་འགྱུར་ཞིང་། འདི་ནི་ཡི་ཟེ་བེལ་ཡིན་ནོ། ཞེས་པའི་ཚིག་ཙམ་ཡང་སྨྲ་བར་མི་འགྱུར་བའི་ཕྱིར་རོ། གསུངས་པ་ལྟར་དུའོ༎