༡༠
ས་མར་ཡཱ་རུ་ཨ་ཧབ་ཀྱི་བུ་བདུན་ཅུ་ཡོད་པས། ཡེ་ཧུས་ཡི་གེ་བྲིས་ནས། ཡིས་རེ་ཨེལ་གྱི་དཔོན་པོ་རྣམས་དང་། རྒན་རབས་རྣམས་དང་། ཨ་ཧབ་ཀྱི་བུ་སྲེལ་མཁན་རྣམས་ལ་ས་མར་ཡཱ་རུ་བསྐུར་ཏེ། འདི་སྐད་དུ།  ཁྱོད་ཚོ་ལ་རང་གི་ཇོ་བོའི་བུ་རྣམས་དང་། ཤིང་རྟ་དང་། རྟ་རྣམས་དང་། གྲོང་ཁྱེར་བཙན་པོ་དང་། མཚོན་ཆ་ཡང་ཡོད་པས། ཡི་གེ་འདི་འབྱོར་འཕྲལ་དུ།  ཁྱོད་ཚོའི་ཇོ་བོའི་བུའི་ནང་ནས་ལེགས་ཤིང་གོ་ཆོད་ཡོད་པ་ཞིག་དེའི་ཕ་ཡི་རྒྱལ་ཁྲི་ལ་འདེགས་པར་བྱོས་ཤིག ཡང་ཁྱོད་ཚོའི་ཇོ་བོའི་བརྒྱུད་ཀྱི་དོན་དུ་འཐབ་མོ་འགྱེད་པར་བྱོས་ཤིག སྨྲས་ནས་སྤྲིངས་མོད།  དེ་རྣམས་རབ་ཏུ་དངང་བསྐྲགས་ནས། ལྟོས་ཤིག རྒྱལ་པོ་གཉིས་ཀྱང་དེའི་ངོར་ལྡང་ནས་སྡོད་མ་ཚུགས། དེས་ན་ངེད་ཅག་དེའི་ངོར་ཇི་ལྟར་ལྡང་བར་ནུས། ཟེར་ཏེ།  མཁར་དཔོན་དང་། གྲོང་དཔོན་དང་། རྒན་རབས་དང་། རྒྱལ་སྲས་སྲེལ་མཁན་རྣམས་ཀྱིས་ཡེ་ཧུའི་རྩར་བང་ཆེན་བཏང་ནས། བདག་ཅག་ཁྱེད་ཀྱི་བྲན་ཡིན། ཁྱེད་ཀྱིས་ཅི་དང་ཅི་སྒོ་བ་ཐམས་ཅད་བྱེད་པར་བྱའི། བདག་ཅག་གིས་གཞན་སུ་ཡང་རྒྱལ་པོར་སྐོ་བར་མི་བྱ། ཁྱེད་ཀྱི་སྤྱན་ལམ་དུ་ཅི་ལེགས་པ་དེ་མཛོད་ཅིག ཞུས་ནས། ཡེ་ཧུ་ལ་ཕྲིན་བསྐུར་ཏོ༎
 དེས་ལན་གཉིས་པར་ཡི་གེ་བྲིས་ནས། དེ་དག་ལ། གལ་ཏེ་ཁྱོད་ཅག་ངའི་ཕྱོགས་པ་ཡིན་ན། ཡང་ངའི་སྒྲ་ལ་ཉན་ན། ཁྱོད་ཅག་གི་ཇོ་བོའི་སྲས་རྣམས་ཀྱི་མགོ་ཐམས་ཅད་བཅད་ནས། སང་ཉིན་འདི་ཚོད་དུ་ངའི་རྩར་ཡིས་རེ་ཨེལ་དུ་ཁུར་ཤོག ཅེས་བསྒོའོ། རྒྱལ་པོའི་སྲས་བདུན་ཅུ་དེ་ནི་གྲོང་ཁྱེར་གྱི་སྐུ་དྲག་རྣམས་དང་མཉམ་དུ་ཡོད་པ་ཡིན། དེ་དག་གིས་ཁོ་རྣམས་བསྲེལ་ཏོ།  ཡི་གེ་ནི་དེ་དག་གི་རྩར་སླེབ་པའི་ཚེ། དེ་དག་གིས་རྒྱལ་སྲས་རྣམས་བཟུང་ནས། མི་བདུན་ཅུ་དེ་བསད་ནས། མགོ་དེ་རྣམས་ཙེལ་པོའི་ནང་དུ་བཅུག་སྟེ། ཡིས་རེ་ཨེལ་དུ་དེའི་རྩར་བསྐྱལ་ཏོ།  དེ་ནས་བང་ཆེན་ཞིག་སོང་སྟེ་དེ་ལ། དེ་དག་གིས་རྒྱལ་སྲས་རྣམས་ཀྱི་མགོ་འདིར་ཁུར་ནས་བསླེབས་སོ། ཞེས་ཕྲིན་བསྐྱལ་པ་དང་། དེས་དེ་དག་ལ། སྔ་དྲོའི་བར་དུ་དེ་རྣམས་ཕུང་པོ་གཉིས་སུ་བྱས་ཏེ། གྲོང་ཁྱེར་གྱི་རྒྱལ་སྒོའི་འགག་ཏུ་ཞོག་ཅིག ཅེས་བསྒོའོ།  ཡང་སྔ་དྲོ་ཁོ་ཕྱི་རོལ་དུ་ཐོན་ནས་ལངས་ཏེ། མི་ཐམས་ཅད་ལ། ཁྱོད་ཅག་མི་དྲང་པོ་འདུག ལྟོས་ཤིག ངས་རང་གི་ཇོ་བོ་ལ་ངོ་ལོག་བརྒྱབ་ཅིང་བསད་པ་ཡིན། འོན་ཀྱང་འདི་རྣམས་སུས་བསད་པ་ཡིན། ༡༠ ཡ་ཧོ་ཝཱས་ཨ་ཧབ་ཀྱི་བརྒྱུད་ཀྱི་སྐོར་དུ་གསུངས་པའི་ནང་ནས་གསུང་གང་ཡང་ས་ལ་འགྲིལ་བར་མི་འགྱུར། དེ་ཅིའི་ཕྱིར་ཞེ་ན། ཡ་ཧོ་ཝཱས་ཁོང་ཉིད་ཀྱི་བྲན་པོ་ཨེ་ལི་ཡཱ་ཡི་ངག་གི་སྒོ་ནས་གསུངས་པ་དེ་སྒྲུབ་པར་མཛད་དོ། ཞེས་སྨྲས་སོ། ༡༡ དེ་ལྟར་ཡེ་ཧུས་ཨ་ཧབ་ཀྱི་བརྒྱུད་འཛིན་ཡིས་རེ་ཨེལ་དུ་ལུས་པ་ཐམས་ཅད་དང་། དེའི་སྐུ་དྲག་རྣམས་དང་། ཉེ་དུ་རྣམས་དང་། དེའི་བླ་མ་རྣམས་ལས་གཅིག་ཀྱང་ལུས་མ་བཅུག་པར་སྲོག་དང་ཕྲལ་ཏོ༎
༡༢ དེ་ནས་ཁོ་ལངས་ཏེ། ས་མར་ཡཱ་རུ་ཕྱིན་པ་ལས། ལམ་བར་དུ་བེད་ཨེ་ཀེད་བྱ་བར། ༡༣ ཡ་ཧུ་དཱའི་རྒྱལ་པོ་ཨ་ཧས་ཡཱའི་སྤུན་ཟླ་དག་དང་ཕྲད་ནས། ཡེ་ཧུས་དེ་དག་ལ། ཁྱོད་ཅག་སུ་ཡིན་དྲིས་ནས། དེ་དག་གིས་ལན་དུ། བདག་ཅག་ཨ་ཧས་ཡཱའི་སྤུན་ཟླ་ཡིན་ཏེ། རྒྱལ་པོའི་སྲས་དང་། རྒྱལ་མོའི་སྲས་རྣམས་ལ་ཕྱག་འབུལ་དུ་འགྲོའོ། ཞུས་པ་དང་། ༡༤ འདི་དག་གསོན་པོར་ཟུང་ཞིག ཅེས་བསྒོ་བས། མི་རྣམས་ཀྱིས་དེ་དག་གསོན་པོར་བཟུང་ནས། མི་བཞི་བཅུ་ཞེ་གཉིས་དེ་དག་གི་ནང་ནས་གཅིག་ཀྱང་མ་ཕུད་པར། བེད་ཨེ་ཀེད་ཀྱི་ཆུ་དོང་གི་འགྲམ་དུ་བསད་དོ༎
༡༥ ཡང་དེ་ནས་ཆས་པ་ལས། དེ་ལ་བསུར་འོང་བའི་རེ་ཁབ་ཀྱི་བུ་ཡོ་ན་དབ་དང་ཕྲད་ནས། ཡེ་ཧུས་དེ་ལ་ཕྱག་བྱས་ནས་འདི་སྐད་དུ། ངའི་སྙིང་ལྟར་ཁྱེད་ཀྱི་སྙིང་ཡང་ང་ལ་དཀར་རམ། ཞེས་པའི་ལན་དུ་ཡོ་ན་དབ་ཀྱིས། དཀར་རོ། ཞེས་སྨྲས་པས། དེས་འོ་ན། དེ་འདྲ་ཡིན་ན། ཁྱེད་ཀྱིས་ང་ལ་ལག་པ་ཐོང་ཞིག་བྱས་ནས་དེས་ཁོ་ལ་ལག་པ་བཏད་སྟེ་ཁོས་དེ་ནི་རང་དང་ལྷན་ཅིག་ཏུ་ཤིང་རྟ་ལ་བསྐྱོན་ནས། ༡༦ དེ་ལ་ང་མཉམ་དོང་ལ་ངས་ཡ་ཧོ་ཝཱའི་དོན་དུ་བསྐྱེད་པའི་འཁྲེན་སེམས་ལ་ལྟོས་ཤིག་ཟེར་ཏེ། དེ་དག་གིས་ཁོ་དེ་དང་ལྷན་ཅིག་ཏུ་ཤིང་རྟ་ལ་བསྐྱོན་ཏོ། ༡༧ དེ་ནས་ས་མར་ཡཱ་རུ་ཕྱིན་པ་དང་། ཡ་ཧོ་ཝཱས་ཨེ་ལི་ཡཱ་ལ་གསུངས་པ་བཞིན་དུ། ཁོས་ཡུལ་དེའི་ནང་ན་ཨ་ཧབ་ཀྱི་མི་ཕྱི་ལུས་ཡོད་པ་ཐམས་ཅད་བསད་དེ་མེད་པར་བྱས་སོ༎
༡༨ དེ་ནས་ཡེ་ཧུས་མི་སྡེ་ཐམས་ཅད་བསྡུས་ནས། དེ་རྣམས་ལ། ཨ་ཧབ་ཀྱིས་བ་ཨཱལ་ལ་ཉུང་རྩམ་བརྟེན་པར་བྱས་ཀྱང་། ཡེ་ཧུས་དེ་ལས་ཐེབ་ལྷག་པར་རྟེན་པར་བྱ། ཞེས་སྨྲས་ནས། ༡༩ དེ་རྣམས་ལ། ད་ཁྱོད་ཚོས་བ་ཨཱལ་གྱི་ལྷ་པ་ཐམས་ཅད་དང་། དེའི་གཡོག་འཁོར་ཐམས་ཅད་དང་། དེའི་བླ་མ་ཡོད་དོ་ཅོག་ངའི་མདུན་དུ་བོས་ཤིག ངས་བ་ཨཱལ་ལ་མཆོད་པ་ཆེན་པོ་ཞིག་འབུལ་བར་བྱའོ། དེ་བས་ན་དེ་དག་གི་ནང་ནས་གཅིག་ཀྱང་ལུས་སུ་མ་ཆུག་ཅིག སུ་ཞིག་མ་འོང་ན། གསོན་པོར་ལུས་པར་མི་འགྱུར་རོ། ཞེས་བསྒོའོ། དེ་ལྟར་ཡེ་ཧུས་གཡོ་སྒྱུ་བྱས་ཏེ། བ་ཨཱལ་ལ་བརྟེན་པ་ཐམས་ཅད་གསོད་པའི་ཕྱིར་དམིགས་ནས་བྱས་པ་ཡིན། ༢༠ ཡང་ཡེ་ཧུས། བ་ཨཱལ་གྱི་དུས་ཆེན་བྱེད་དུ་བཀར་ཐོགས་ཤིག ཅེས་བསྒོ་བས། མི་རྣམས་ཀྱིས་བཀར་བཏགས་སོ། ༢༡ ཡང་ཡེ་ཧུས་ཨིས་ར་ཨེལ་ཡུལ་ཀུན་ཏུ་བང་ཆེན་བཏང་ནས། བ་ཨཱལ་ལ་བརྟེན་མཁན་ཐམས་ཅད་འོངས་ཏེ། མ་འོངས་མཁན་གཅིག་ཀྱང་མ་ལུས། དེ་རྣམས་བ་ཨཱལ་གྱི་མཆོད་ཁང་གི་ནང་དུ་ཞུགས་ཏེ། བ་ཨཱལ་གྱི་ཁྱིམ་མགོ་ནས་ཁྱིམ་མཇུག་གི་བར་དུ་གང་བར་གྱུར་ཏོ། ༢༢ དེར་གོས་དཔོན་ལ། བ་ཨཱལ་ལ་ཕྱག་འཚལ་མཁན་ཐམས་ཅད་ཀྱི་དོན་དུ་གོས་ལག་འདོན་པར་བྱོས་ཤིག ཅེས་བསྒོ་བ་དང་། དེས་དེ་དག་ལ་གོས་བཏོན་ནོ། ༢༣ དེ་ནས་ཡེ་ཧུས་དང་རེ་ཁབ་ཀྱི་བུ་ཡོ་ན་དབ་གཉིས་པོ་བ་ཨཱལ་གྱི་མཆོད་ཁང་གི་ནང་དུ་འཛུལ་ཏེ། བ་ཨཱལ་ལ་བརྟེན་པ་རྣམས་ལ། འདིར་ཁྱོད་ཅག་གི་ཁྲོད་དུ་ཡ་ཧོ་ཝཱའི་བྲན་གྱི་ནང་ནས་གཅིག་ཀྱང་ཡོད་དམ་མེད། ཞིབ་པར་ལྟོས་ཤིག འདིར་ནི་བ་ཨཱལ་ལ་བརྟེན་མཁན་འབའ་ཞིག་ཡོད་པའི་རིགས་སོ། ཞེས་བསྒོའོ། ༢༤ ཡང་དེ་རྣམས་དམར་མཆོད་དང་། སྦྱིན་སྲེག་འབུལ་དུ་ནང་དུ་སོང་བ་དང་།
ཡེ་ཧུས་ཕྱི་རོལ་དུ་མི་བརྒྱད་ཅུ་བཞག་ནས་དེ་དག་ལ། གལ་ཏེ་ཁྱོད་ཅག་གི་ལག་ཏུ་བཏང་བའི་མི་ཡི་ནང་ནས་གཅིག་འབྲོས་པར་འགྱུར་ན། དེའི་སྲོག་གི་ཚབ་ཏུ་ཕུད་མཁན་གྱི་སྲོག་ལ་འབབ་པར་འགྱུར་རོ། ༢༥ དེ་ནས་སྦྱིན་སྲེག་གི་མཆོད་པ་ཕུལ་ཚར་བ་ཙམ་གྱིས། ཡེ་ཧུས་སྐུ་བསྲུང་པ་དང་དམག་དཔོན་ལ། ད་ནང་དུ་ཞུགས་ནས། དེ་དག་སོད་ཅིག གཅིག་ཀྱང་ཕྱི་རོལ་དུ་འཐོན་མ་ཆུག་ཅིག ཅེས་ཟེར་བས། དེ་རྣམས་ཀྱིས་མི་དེ་དག་རལ་གྲིའི་ཁས་བརྡུངས་ཏེ། སྐུ་བསྲུང་པ་དང་དམག་དཔོན་གྱིས་དེ་དག་གི་རོ་རྣམས་ཕྱི་རོལ་དུ་ཕངས་ནས། བ་ཨཱལ་གྱི་ཁྱིམ་ཞེས་བྱ་བའི་གྲོང་ཁྱེར་དུ་ཕྱིན་ཏེ། ༢༦ བ་ཨཱལ་གྱི་སྐུ་འདྲ་རྣམས་བཏོན་ནས། མེས་བསྲེགས། ༢༧ བ་ཨཱལ་གྱི་སྐུ་འདྲ་དེ་རྣམས་བཅག་སྟེ། བ་ཨཱལ་གྱི་ཁྱིམ་དེ་བརློགས་ནས། དེ་གསང་སྤྱོད་དུ་བྱས་ནས། ཉི་མ་དེ་རིང་གི་བར་དུ་ལུས་སོ༎
༢༨ དེ་ལྟར་ཡེ་ཧུས་བ་ཨཱལ་ནི་ཨིས་ར་ཨེལ་གྱི་ཁྲོད་ལས་མེད་པར་བྱས་ཀྱང་། ༢༩ ཨིས་ར་ཨེལ་ལ་བསྡིག་པ་བྱེད་དུ་བཅུག་པའི་ནེ་བཱད་ཀྱི་བུ་ཡེ་རོབ་ཨམ་གྱི་སྡིག་པའམ། བེད་ཨེལ་དང་དཱན་དུ་ཡོད་པའི་གསེར་གྱི་བེའུ་གཉིས་ཡེ་ཧུས་མ་ཕངས་སོ། ༣༠ དེར་ཡ་ཧོ་ཝཱས་ཡེ་ཧུ་ལ། ཁྱོད་ཀྱིས་ངའི་མདུན་དུ་ལེགས་པ་གང་ཡིན་པ་དེ་བསྒྲུབ་ནས། ངའི་ཡིད་ལ་ཅི་ཡོད་པ་ལྟར་ཨ་ཧབ་ཀྱི་བརྒྱུད་འཛིན་གྱི་སྐོར་ལ་བྱས་པས། མི་རབས་བཞིའི་རིང་དུ་ཁྱོད་ཀྱི་བུ་རྣམས་ཨིས་ར་ཨེལ་གྱི་རྒྱལ་ཁྲི་ལ་འཁོད་པར་འགྱུར་གསུངས་མོད། ༣༡ ཨིས་ར་ཨེལ་ལ་སྡིག་པ་བྱེད་དུ་བཅུག་པའི་ཡེ་རོབ་ཨམ་གྱི་སྡིག་པ་རྣམས་ལས་ཡེ་ཧུ་མ་འབྲལ་ཏེ། རང་གི་སྙིང་ཚང་མ་ནས་ཡ་ཧོ་ཝཱས་ཨིས་ར་ཨེལ་གྱི་དཀོན་མཆོག་གི་བཀའ་ཁྲིམས་ཀྱི་ནང་དུ་འགྲུལ་བ་ལ་བྱ་ར་མ་བྱས་སོ༎
༣༢ དེའི་ཚེ་ཡ་ཧོ་ཝཱས་ཨིས་ར་ཨེལ་འཕྲི་བར་མཛད་དེ། ཧ་ཟ་ཨེལ་གྱིས་ཨིས་ར་ཨེལ་གྱི་ས་མཚམས་ཐམས་ཅད་དུ་དེ་རྣམས་འཇོམས་པར་བྱས་སོ། ༣༣ གང་དང་གང་དུ་ཞེ་ན། ཡོར་དན་ནས་ཤར་ཕྱོགས་བར་དུ་གིལ་ཨད་ཀྱི་ཡུལ་ཀུན་དང་། གད་པ་དང་། རུ་བེན་པ་དང་། མ་ན་ཤེ་པ་ཐམས་ཅད་དང་། ཨར་ནོན་གཙང་འགྲམ་ན་ཡོད་པའི་ཨ་རོ་ཨེར་དང་། གིལ་ཨད་དང་། བཱ་ཤན་ཐམས་ཅད་དུའོ། ༣༤ ཡང་ཡེ་ཧུའི་གཞན་བྱ་བ་རྣམས་དང་། དེས་ཅི་དང་ཅི་བྱས་པ་ཐམས་ཅད་དང་། དེའི་སྟོབས་ཤེད་ཀྱི་སྐོར་ནི། ཨིས་ར་ཨེལ་གྱི་རྒྱལ་པོ་རྣམས་ཀྱི་རྒྱལ་རབས་ཀྱི་མདོ་རུ་བྲིས་ཏེ་ཡོད་དོ། ༣༥ དེ་ནས་ཡེ་ཧུ་རང་གི་ཕ་མེས་ཀྱི་ཁྲོད་དུ་ཉལ་བ་དང་། དེ་དག་གིས་ཁོང་ས་མར་ཡཱ་རུ་བསྐུངས་ཏེ། དེའི་སྲས་ཡོ་ཨ་ཧས་དེའི་ཚབ་ཏུ་རྒྱལ་པོར་གྱུར་ཏོ། ༣༦ ཡེ་ཧུས་ས་མར་ཡཱ་རུ་ཨིས་ར་ཨེལ་ལ་རྒྱལ་སྲིད་བྱས་པའི་ལོ་གྲངས་ནི། ལོ་ཉེར་བརྒྱད་དོ༎