༡༡
དེ་ནས་ཨ་ཧས་ཡཱ་ཡི་མ་ཨ་ཐལ་ཡཱས་རང་གི་བུ་ཤི་ཟིན་པར་མཐོང་མ་ཐག་ཏུ། ལངས་ནས། རྒྱལ་བརྒྱུད་ཐམས་ཅད་བསད་དོ། ༢ ཡང་རྒྱལ་པོ་ཡོ་རམ་གྱི་སྲས་མོ་ཨ་ཧས་ཡཱའི་སྲིང་མོ་ཡོ་ཤེ་བཱས། ཨ་ཧས་ཡཱའི་བུ་ཡོ་ཨས་ཐོགས་ནས། བསད་པར་འགྱུར་བའི་རྒྱལ་སྲས་རྣམས་ཀྱི་ཁྲོད་ལས་བརྐུས་ཁྱེར་ཏེ། ཨ་ཐལ་ཡཱའི་ལྐོག་ཏུ་དེ་དང་དེའི་བུ་རྫི་བཅས་གཟིམས་ཆུང་གི་ནང་དུ་སྦས་བཞག་པས། དེ་ནི་གསོད་པར་མ་གྱུར་ཏོ། ༣ དེ་ལྟར་བུ་དེ་མོ་དང་མཉམ་དུ་ལོ་དྲུག་གི་བར་དུ་ཡ་ཧོ་ཝཱའི་ཕོ་བྲང་གི་ནང་དུ་ཡིབ་སྟེ་བསྡད་པ་དང་། ཨ་ཐལ་ཡཱས་ཡུལ་ཁམས་ལ་རྒྱལ་སྲིད་བསྐྱངས་པ་ཡིན།༤ དེ་ནས་ལོ་བདུན་པར་ཡེ་ཧོ་ཡ་དཱས་དམག་མི་དང་། གཤེད་མ་དང་། མཁར་སྲུངས་ཐམས་ཅད་ཀྱི་བརྒྱ་དཔོན་རྣམས་ལ་འབོད་པར་མི་བཏང་ནས། དེ་རྣམས་དེའི་དྲུང་དུ་ཡ་ཧོ་ཝཱའི་ཕོ་བྲང་དུ་འཛོམ་ནས། དེས་དེ་རྣམས་དང་ཆད་དོན་བྱས་ནས། ཡ་ཧོ་ཝཱའི་ཕོ་བྲང་གི་ནང་དུ་དེ་རྣམས་ལ་མནའ་ཐོ་བཀལ་ཏེ། དེ་རྣམས་ལ་རྒྱལ་སྲས་དེ་བསྟན་ཏོ། ༥ ཡང་དེས་དེ་རྣམས་ལ་བཀའ་གནང་ཞིང་འདི་ན་རེ། ད་ཁྱོད་ཅག་གིས་བྱེད་དགོས་པ་ནི་འདི་ལྟ་སྟེ། སུ་ཡང་ཕོ་བྲང་གི་ནང་དུ་མི་འཛུལ་བའི་ཕྱིར། ཚུལ་འདི་འདྲར་སྲུང་བར་བྱོས་ཤིག ཁྱོད་ཅག་གི་ནང་ནས་ཤབ་བཱད་ཀྱི་ཉིན་མོར་འོང་བའི་ནང་ནས་སུམ་ཆ་གཅིག་གིས་རྒྱལ་པོའི་ཕོ་བྲང་སྲུང་དུ་མེལ་ཚེ་བྱེད་དགོས། ༦ ཡང་སུམ་ཆ་གཉིས་པ་ནི་སུར་བྱ་བའི་རྒྱ་སྒོར་སྡོད་པར་དགོས། ཡང་སུམ་ཆ་གསུམ་པ་དེ་སྲུང་མཁན་རྣམས་ཀྱི་རྒྱབ་ཏུ་ཡོད་པའི་རྒྱ་སྒོ་རུ་སྡོད་པར་དགོས། ༧ ཡང་ཁྱོད་ཐམས་ཅད་ཀྱི་ནང་ནས་ཤབ་བཱད་ཀྱི་ཉིན་མོར་ཕྱི་རོལ་དུ་འཐོན་པའི་ཆ་གཉིས་ནི་རྒྱལ་པོའི་འཁོར་དུ་སྡོད་ཅིང་། ཡ་ཧོ་ཝཱའི་ཕོ་བྲང་དེ་སྲུང་བར་དགོས། ༨ ཡང་ཁྱོད་རེ་རེས་རང་གི་མཚོན་ཆ་ལག་ཏུ་ཐོགས་ཤིང་། རྒྱལ་པོ་ལ་བསྐོར་ནས་སྡོད་པའི་རིགས་སོ། ངེས་མེད་དུ་གཞན་སུ་ཞིག་དམག་གྲལ་གྱི་ནང་དུ་འཛུལ་འོང་ན། དེ་གསོད་པར་དགོས། ཡང་རྒྱལ་པོ་ཕྱི་ནང་འགྲོ་སྐབས་སུ་ཁྱོད་རྣམས་རྒྱལ་པོ་དང་མཉམ་སྡོད་པར་དགོས། ཞེས་བསྒོ་བ་དང་།
༩ བརྒྱ་དཔོན་རྣམས་ཀྱིས་བླ་མ་ཡེ་ཧོ་ཡ་དཱས་བཀའ་བཀོད་པ་བཞིན་དུ་བྱས་ཏེ། དེ་དག་གི་ནང་ནས་རེ་རེས་ཤབ་བཱད་ཀྱི་ཉིན་མོར་ནང་དུ་འགྲོ་བའི་རེས་ལ་བབ་པ་རྣམས་དང་བཅས་སུ་ཕྱི་རོལ་དུ་འགྲོ་བའི་རེས་ལ་བབ་པ་རྣམས་ཁྱེར་ཏེ། བླ་མ་ཡེ་ཧོ་ཡ་དཱའི་དྲུང་དུ་འོངས་སོ། ༡༠ ཡང་བླ་མ་དེས་ཡ་ཧོ་ཝཱའི་ཕོ་བྲང་ན་ཡོད་པའི་རྒྱལ་པོ་དཱ་བིད་ཀྱི་མདུང་དང་ཕུབ་རྣམས་དེ་དག་གི་ལག་ཏུ་བཏང་ནས། ༡༡ དམག་མི་རྣམས་མཆོད་ཁང་གི་གཡས་ཕྱོགས་ཀྱི་གྲུ་ནས་གཡོན་ཕྱོགས་ཀྱི་གྲུའི་བར་དུ་མཆོད་ཁྲི་དང་མཆོད་ཁང་གི་ཐད་དུ་རྒྱལ་པོ་ལ་བསྐོར་ཞིང་བསྡད་དོ། ༡༢ ཡང་དེས་རྒྱལ་སྲས་ཕྱི་རོལ་དུ་བཏོན་ཏེ། དེའི་དབུ་ལ་ཅོད་པན་བཞག་ནས། དཔང་པོའི་ཡི་གེ་ལག་ཏུ་ཕུལ་ཏེ། རྒྱལ་པོར་མངའ་གསོལ་ནས། བྱུག་པས་བྱུགས་པ་དང་། མི་རྣམས་ཀྱིས་ལག་པ་བརྡབས་ཏེ། རྒྱལ་པོའི་དབུ་རྨོག་མཐོ་བར་ཤོག་ཅིག ཅེས་འབོད་བསྒྲགས་པ་ལས།
༡༣ ཨ་ཐལ་ཡཱས་དམག་མི་དང་མི་རྣམས་ཀྱི་ཀུ་སྒྲ་ཐོས་པས། མཆོད་ཁང་དུ་མི་རྣམས་ཀྱི་དྲུང་དུ་འོངས་ནས། ༡༤ མོས་བལྟས་པ་ལས། རྒྱལ་པོ་ནི་ཁྲིམས་བཞིན་དུ་ཀ་བའི་མདུན་དུ་ལངས་ཏེ་སྡོད་པ་དང་། བརྒྱ་དཔོན་དང་། རྒྱ་དུང་འབུད་མཁན་རྣམས་རྒྱལ་པོའི་དྲུང་དུ་ཡོད་དེ། ཡུལ་ཁམས་ཀྱི་མི་སྡེ་ཐམས་ཅད་དགའ་ཞིང་རྒྱ་དུང་འབུད་པར་མཐོང་བས། ཨ་ཐལ་ཡཱས་རང་གི་གོས་བཤགས་ནས། སྐད་ཆེན་པོས། ནང་དགྲ། ནང་དགྲ། ཞེས་འབོད་བསྒྲགས་པ་དང་། ༡༥ བླ་མ་ཡེ་ཧོ་ཡ་དཱས་བརྒྱ་དཔོན་དང་དམག་དཔོན་རྣམས་ལ་བཀའ་བཀོད་ཅིང་། མོ་གྲལ་གྱི་ནང་ནས་ཕྱི་རོལ་དུ་ཁྲིད་ཅིག དེ་ལ་འབྲང་མཁན་རྣམས་ཀྱང་གསོད་པར་བྱོས་ཤིག ཅེས་བསྒོའོ། དེ་ཅིའི་ཕྱིར་ཞེ་ན། ཡ་ཧོ་ཝཱའི་མཆོད་ཁང་གི་ནང་དུ་མོ་མི་གསོད་པའི་ཕྱིར་དུ་བླ་མས་དེ་ལྟར་བཀའ་སྩལ་ཏོ། ༡༦ ཡང་དེ་དག་གིས་མོ་ལ་ལག་དར་ཏེ། རྒྱལ་ཁབ་ཏུ་རྟ་འགྲོ་བའི་ལམ་རྒྱུད་ནས་ཁྲིད་དེ། དེར་མོ་སྲོག་དང་ཕྲལ་ཏོ༎
༡༧ དེ་ནས་ཡེ་ཧོ་ཡ་དཱས་མི་རྣམས་ནི་ཡ་ཧོ་ཝཱའི་མི་སྡེ་ལ་འགྱུར་བའི་སླད་དུ། ཡ་ཧོ་ཝཱ་དང་རྒྱལ་པོ་དང་མི་སྡེ་གསུམ་པོའི་བར་དུ་ཆད་དོན་ཞིག་བྱས་ནས། མི་སྡེ་དང་རྒྱལ་པོའི་བར་དུ་ཡང་ཆད་དོན་ཞིག་བྱས་སོ། ༡༨ དེ་ནས་ཡུལ་ཁམས་ཀྱི་མི་སྡེ་ཐམས་ཅད་བ་ཨཱལ་གྱི་ལྷ་ཁང་དུ་སོང་ནས། དེ་བརློགས་ཏེ། དེའི་མཆོད་ཁྲི་དང་སྐུ་འདྲ་རྣམས་ཡོངས་སུ་བཅག བ་ཨཱལ་གྱི་བླ་མ་མད་ཐན་བྱ་བ་ནི་མཆོད་ཁྲི་རྣམས་ཀྱི་བར་དུ་སྲོག་དང་ཕྲལ་ཏོ། ཡང་བླ་མས་ཡ་ཧོ་ཝཱའི་ཕོ་བྲང་སྲུང་མཁན་རྣམས་བསྐོས་ཏེ། ༡༩ བརྒྱ་དཔོན་དང་། རྫོང་དཔོན་དང་། མཁར་སྲུང་པ་རྣམས་དང་། མི་སྡེ་ཐམས་ཅད་ཁྲིད་ནས། དེ་དག་གིས་རྒྱལ་པོ་ནི་ཡ་ཧོ་ཝཱའི་ཕོ་བྲང་ནས་མར་ཁྲིད་ཅིང་། སོ་པའི་རྒྱ་སྒོའི་ལམ་ནས་རྒྱལ་ཁབ་ཏུ་གདན་དྲངས་ཏེ། རྒྱལ་པོ་རྣམས་ཀྱི་ཁྲི་ལ་འཁོད་པར་བྱས་ཏེ། ༢༠ ཡུལ་ཁམས་ཀྱི་མི་རྣམས་དགའ་མགུར་ལོངས་སྤྱོད་ཅིང་། རྒྱལ་ས་རུ་ཡུལ་བདེ་ས་འཇམ་ཡོད་པ་ཡིན་ནོ། ཡང་དེ་དག་གིས་ཨ་ཐལ་ཡཱ་ནི་རྒྱལ་ཁབ་ཀྱི་འོག་ཏུ་རལ་གྲིས་བཀུམ་པ་ཡིན་ནོ༎
༢༡ ཡོ་ཨས་རྒྱལ་པོར་མངའ་གསོལ་དུས་སུ་ལོ་བདུན་ལོན་ཏེ་ཡོད་པ་ཡིན་ནོ༎