༡༢
ཡེ་ཧུས་རྒྱལ་སྲིད་བསྐྱངས་པའི་ལོ་བདུན་པར། ཡོ་ཨས་རྒྱལ་པོར་གྱུར་ཏེ། ལོ་བཞི་བཅུ་ཡེ་རུ་ཤ་ལེམ་དུ་རྒྱལ་སྲིད་བསྐྱངས་སོ། དེའི་ཡུམ་གྱི་མིང་དུ་བེ་ཨེར་ཤེ་བཱ་མ་ཙིབ་ཡཱ་བྱའོ།  བླ་མ་ཡེ་ཧོ་ཡ་དཱས་ཡོ་ཨས་ལ་ཞལ་གདམས་གནང་བའི་རྐྱེན་གྱིས། དེས་རང་གི་ཚེ་ཐོག་ཐག་ཏུ་ཡ་ཧོ་ཝཱའི་གཟིགས་ངོར་སྤྱོད་པ་བཟང་པོ་སྤྱད་དོ།  འོན་ཀྱང་དེ་ཙམ་གྱི་བར་དུ་ཡང་མཐོ་གླིང་རྣམས་མ་བཤིག་པར་ཡོད་པས། མི་རྣམས་ཀྱིས་ད་དུང་ཡང་མཐོ་གླིང་གི་ནང་དུ་མཆོད་པ་འབུལ་ཞིང་། བསངས་བཏང་བ་ཡིན་ནོ༎
 དེ་ནས་ཡོ་ཨས་ཀྱིས་བླ་མ་རྣམས་ལ། ཡ་ཧོ་ཝཱའི་མཆོད་ཁང་དུ་ཕུལ་ཏེ་བསྔོས་པའི་དངུལ་ཐམས་ཅད་དང་། མི་རེ་རེས་འཇལ་བའི་དངུལ་དང་། མི་རེ་ལ་འཕོག་པའི་དངུལ་དང་། རང་འཐད་ཀྱིས་ཡ་ཧོ་ཝཱའི་མཆོད་ཁང་ལ་འབུལ་བའི་དངུལ་གང་ཡོད་པ།  ཁྱོད་བླ་མ་རྣམས་ཀྱིས་རེ་རང་གི་ངོ་ཤེས་ནས་བླངས་ཏེ། མཆོད་ཁང་ལ་གས་འཁྲུགས་གར་ཡོད་ཀྱང་། གས་འཁྲུགས་དེ་རྣམས་བཞིག་སོས་བྱེད་དུ་དངུལ་དེ་ཐམས་ཅད་སྐྱག་པར་བྱོས་ཤིག ཅེས་བསྒོ་རུང་།  ཡོ་ཨས་ཀྱིས་རྒྱལ་སྲིད་སྲུང་བའི་ལོ་ཉེར་གསུམ་པའི་བར་དུའང་། བླ་མ་རྣམས་ཀྱིས་མཆོད་ཁང་གི་གས་འཁྲུགས་རྣམས་ལ་བཞིག་སོས་མ་བྱས་སོ།  དེར་རྒྱལ་པོ་ཡོ་ཨས་ཀྱིས་བླ་མ་ཡེ་ཧོ་ཡ་དཱ་དང་། གཞན་བླ་མ་རྣམས་བོས་ནས་དེ་དག་ལ། ཁྱོད་ཚོས་ཅིའི་ཕྱིར་མཆོད་ཁང་གི་བུག་པ་རྣམས་ཀྱི་བཞིག་སོས་མི་བྱེད། དེ་བས་ན་ད་ངོ་བཤེས་ནས་རང་གི་ཕྱིར་དངུལ་མ་བླང་བར། དེའི་ཚབ་ཏུ་མཆོད་ཁང་གི་གས་འཁྲུགས་རྣམས་ལ་བཞིག་སོས་བྱེད་དུ་ཐོང་ཞིག ཅེས་བསྒོ་བ་ལས།  མི་རྣམས་ལས་དངུལ་ཡང་མི་ལེན་པ་དང་། མཆོད་ཁང་གི་གས་འཁྲུགས་ཀྱི་བཞིག་སོས་ཀྱང་བྱེད་མི་དགོས་པ་ལ་བླ་མ་རྣམས་ཉན་ཏོ༎
 དེ་ནས་བླ་མ་ཡེ་ཧོ་ཡ་དཱས་སྒྲོམ་ཞིག་ཁྱེར་ཏེ། དེའི་ཁ་ལེབ་ལ་བུག་པ་ཞིག་བཏོན་ནས། ཡ་ཧོ་ཝཱའི་ཕོ་བྲང་དུ་འོང་མཁན་རྣམས་ཀྱི་གཡས་ཕྱོགས་སུ་མཆོད་ཁྲིའི་མདུན་དུ་བཞག་གོ། ཡང་སྒོ་སྲུང་བའི་བླ་མ་རྣམས་ཀྱིས་ཡ་ཧོ་ཝཱའི་ཕོ་བྲང་ལ་ཕུལ་བའི་དངུལ་ཐམས་ཅད་ཁྱེར་ནས། དེའི་ནང་དུ་བཅུག་པ་ཡིན། ༡༠ ཡང་དེ་དག་གིས་སྒྲོམ་དེའི་ནང་ན་དངུལ་མང་དུ་སོགས་པར་རིག་པའི་ཚེ་ན། རྒྱལ་པོའི་དྲུང་ཡིག་དང་བླ་མ་ཆེན་པོ་བཅས་ཡར་འོངས་ནས། སྒྱི་གུའི་ནང་དུ་བཅུག་ནས། ཡ་ཧོ་ཝཱའི་ཕོ་བྲང་ལ་ཐོབ་པའི་དངུལ་དེ་བརྩིས་པ་ཡིན། ༡༡ ཡང་དངུལ་དེ་སྲང་ལ་བཏེགས་ནས། ཡ་ཧོ་ཝཱའི་ཕོ་བྲང་གི་ལས་བྱེད་པའི་འགོ་པ་དག་གི་ལག་པར་བཏད་པ་ཡིན། དེ་དག་གིས་ཡ་ཧོ་ཝཱའི་ཕོ་བྲང་གི་ལས་བྱེད་པའི་ཤིང་མཁན་དང་རྩིག་དཔོན་རྣམས་ལ་བཏོན་ནས་བྱིན་པ་ཡིན། ༡༢ དེ་དག་ལ་མ་ཟད། རྩིག་བཟོ་པ་དང་། རྡོ་བཞོག་མཁན་དང་། ཡ་ཧོ་ཝཱའི་ཕོ་བྲང་གི་གས་འཁྲུགས་རྣམས་ལ་བཞིག་སོས་བྱེད་པའི་ཕྱིར་དུ་གདུང་མ་དང་རྡོ་བ་བཞོགས་ཡོད་མཁན་ཉོ་བ་དང་། ཕོ་བྲང་དེའི་བཞིག་སོས་བྱེད་དུ་དགོས་པ་ཐམས་ཅད་ཉོ་བའི་ཕྱིར་དུ་བསྐྱགས་པ་ཡིན། ༡༣ འོན་ཀྱང་ཡ་ཧོ་ཝཱའི་ཕོ་བྲང་དུ་འབུལ་དུ་འཁྱེར་འོང་བའི་དངུལ་དེ་ལས་ནི། ཡ་ཧོ་ཝཱའི་མཆོད་ཁང་གི་ཆེད་དུ་དངུལ་སྐྱོགས་དང་། ཅེམ་ཙེ་དང་། ཡོ་བྱད་དང་། རྒྱ་གླིང་དང་། གསེར་རམ་དངུལ་གྱི་མཆོད་རྫས་གང་ཡང་མ་བཟོས་ཀྱིས། ༡༤ ལས་མི་རྣམས་ལ་དེ་བཏང་ནས། དེ་རྣམས་ཀྱིས་དེ་ལས་ཡ་ཧོ་ཝཱའི་ཕོ་བྲང་གི་བཞིག་སོས་བྱས་ཏེ། ༡༥ ལས་མི་ལ་སྤྲོད་རྒྱུར་དངུལ་བཏད་ཡོད་པའི་མི་རྣམས་ལས་རྩིས་མ་བླངས། གང་ལ་ཞེ་ན། དེ་དག་གིས་བློ་དྲང་པོར་བྱས་པ་ཡིན། ༡༦ འོན་ཀྱང་ཉེས་པ་དང་སྡིག་པའི་དོན་དུ་ཕུལ་བའི་དངུལ་དེ་ནི་ཡ་ཧོ་ཝཱའི་ཕོ་བྲང་དུ་མ་བཞག་གིས། བླ་མ་རྣམས་ལ་བརྙེད་དོ༎
༡༧ དེ་ནས་ཨ་རམ་གྱི་རྒྱལ་པོ་ཧ་ཟ་ཨེལ་གྱིས་དམག་དྲངས་ནས། གད་ལ་དམག་བརྒྱབས་ནས་བཟུང་སྟེ། ཡེ་རུ་ཤ་ལེམ་ལ་ཡང་དམག་གཏོང་དུ། ཧ་ཟ་ཨེལ་དེའི་ཕྱོགས་སུ་ཁ་ལོ་བསྒྱུར་པ་དང་། ༡༨ ཡ་ཧུ་དཱའི་རྒྱལ་པོ་ཡོ་ཨས་ཀྱིས་རང་གི་མེས་པོ་ཡེ་ཧོ་ཤ་ཕད་དང་། ཡོ་རམ་དང་། ཨ་ཧས་ཡཱ་གསུམ་པོས་བསྔོས་པའི་མཆོད་རྫས་དམ་པ་དང་། རང་གིས་བསྔོས་པའི་མཆོད་རྫས་དམ་པ་རྣམས་དང་། ཡ་ཧོ་ཝཱའི་ཕོ་བྲང་གི་དཀོར་མཛོད་དང་། རྒྱལ་ཁབ་ཀྱི་ནང་དུ་ཡོད་པའི་གསེར་ཐམས་ཅད་བླངས་ནས། ཨ་རམ་རྒྱལ་པོ་ཧ་ཟ་ཨེལ་ལ་ཕུལ་པ་དང་། དེ་ཡེ་རུ་ཤ་ལེམ་གྱི་ཕྱོགས་ནས་ལོག་ནས་སོང་ངོ་༎
༡༩ ཡང་ཡོ་ཨས་ཀྱི་གཞན་བྱ་བ་རྣམས་དང་། དེས་ཅི་བྱས་པ་ཐམས་ཅད་ཡ་ཧུ་དཱའི་རྒྱལ་པོ་རྣམས་ཀྱི་རྒྱལ་རབས་ཀྱི་མདོ་ཡི་ནང་དུ་བྲིས་སོ༎
༢༠ དེ་ནས་དེའི་འཁོར་གཡོག་རྣམས་ལངས་ནས། ཁ་འདྲིལ་བྱས་ཏེ། སིལ་ལཱ་ཡི་ཐུར་འབབ་ཀྱི་ལམ་དུ་ཡོད་པའི་བེད་མིལ་ལཱོ་བྱ་བར་དེ་བསད་དོ། ༢༡ ཇི་ལྟར་ཞེ་ན། དེའི་འཁོར་གྱི་ནང་ནས་ཤི་མེ་ཨད་ཀྱི་བུ་ཡོ་ཟ་ཁར་དང་། ཤོ་མེར་གྱི་བུ་ཡོ་ཟ་བད་གཉིས་པོས་དེ་ལ་བརྡུངས་པས་ཤི། དེ་ནས་དེ་དག་གིས་ཁོང་དཱ་བིད་ཀྱི་གྲོང་ཁྱེར་གྱི་ནང་དུ་ཁོང་གི་མེས་པོའི་ཁྲོད་དུ་བསྐུངས་ནས། ཁོང་གི་སྲས་ཨ་མ་ཙི་ཡཱས་ཁོང་གི་མལ་དུ་རྒྱལ་སྲིད་བཟུང་ངོ་༎