༡༣
ཡ་ཧུ་དཱའི་རྒྱལ་པོ་ཨ་ཧས་ཡཱའི་སྲས་ཡོ་ཨས་ཀྱིས་རྒྱལ་སྲིད་བཟུང་ནས་ལོ་ཉེར་གསུམ་པར། ཡེ་ཧུའི་སྲས་ཡོ་ཨ་ཧས་བྱ་བ་དེ་ས་མར་ཡཱ་རུ་ཨིས་ར་ཨེལ་གྱི་རྒྱལ་པོར་གྱུར་ནས། ལོ་བཅུ་བདུན་རྒྱལ་སྲིད་བསྐྱངས་སོ། ༢ དེས་ཡ་ཧོ་ཝཱའི་གཟིགས་ངོར་མི་རིགས་པ་སྤྱད་དེ། ཨིས་ར་ཨེལ་ལ་སྡིག་པ་བྱེད་དུ་བཅུག་པའི་ནེ་བཱད་ཀྱི་བུ་ཡེ་རོབ་ཨམ་གྱི་སྡིག་པ་རྣམས་ལ་བྲངས་ནས། དེ་རྣམས་ལས་མ་བྱོལ་ཏོ། ༣ དེར་ཡ་ཧོ་ཝཱའི་ཐུགས་ཁྲོ་ཨིས་ར་ཨེལ་པའི་ཐོག་ཏུ་འབར་ཏེ། དེ་དག་གི་ཚེ་ཐོག་ཐག་ཏུ་ཁོང་གིས་དེ་རྣམས་ཨ་རམ་རྒྱལ་པོ་ཧ་ཟ་ཨེལ་དང་དེའི་བུ་བེན་ཧ་དད་ཀྱི་ལག་ཏུ་བཏད་དོ། ༤ དེ་ནས་ཡོ་ཨ་ཧས་ཀྱིས་ཡ་ཧོ་ཝཱ་ལ་བཅོལ་བས། ཁོང་གིས་གསན་པར་མཛད་དོ། ཅིའི་ཕྱིར་ཞེ་ན། ཁོང་གིས་ཨིས་ར་ཨེལ་གྱི་སྡུག་བསྔལ་ལམ། ཨ་རམ་རྒྱལ་པོས་དེ་རྣམས་ལ་མནར་དུ་འཇུག་པའི་སྡུག་བསྔལ་ལ་གཟིགས་སོ། ༥ ཡང་ཡ་ཧོ་ཝཱས་ཨིས་ར་ཨེལ་ལ་སྐྱབས་མགོན་ཞིག་གནང་བས། ཨ་རམ་པའི་ལག་ནས་ཐར་ཏེ། ཨིས་ར་ཨེལ་སྔར་ལུགས་སུ་རེ་རང་གི་གུར་ནང་གནས་པ་ཡིན། ༦ དེ་ནས་ཀྱང་དེ་རྣམས་ཨིས་ར་ཨེལ་ལ་སྡིག་པ་བྱེད་དུ་བཅུག་པའི་ཡེ་རོབ་ཨམ་ཁྱིམ་གྱི་སྡིག་པ་རྣམས་ལས་མ་འབྱོལ་བར། དེའི་ནང་དུ་འགྲུལ་བ་དང་། ས་མར་ཡཱའི་ནང་དུ་ཨ་ཤེ་རཱའི་སྐུ་འདྲ་ཡང་ལུས་ནས་ཡོད་པ་ཡིན། ༧ ཡང་ཨ་རམ་རྒྱལ་པོས་དེ་རྣམས་མེད་པར་བྱས་ཏེ། གཡུལ་ཁའི་རྡུལ་ལྟ་བུར་བྱས་པའི་རྐྱེན་གྱིས། མི་སྡེའི་ནང་ནས་ཡོ་ཨ་ཧས་ཀྱི་ཕྱིར་དུ་རྟ་པ་ལྔ་བཅུ་དང་། ཤིང་རྟ་བཅུ་དང་། རྐང་ཐང་པ་སྟོང་ཕྲག་བཅུ་མ་གཏོགས་ལུས་སུ་མ་བཅུག་གོ། ༨ ཡོ་ཨ་ཧས་ཀྱི་གཞན་བྱ་བ་རྣམས་དང་། དེས་ཅི་དང་ཅི་བྱས་པ་ཐམས་ཅད་དང་། དེའི་སྟོབས་ཤུགས་ནི་ཨིས་ར་ཨེལ་གྱི་རྒྱལ་པོ་རྣམས་ཀྱི་རྒྱལ་རབས་ཀྱི་མདོའི་ནང་དུ་བྲིས་སོ། ༩ དེ་ནས་ཡོ་ཨ་ཧས་རང་གི་ཕ་མེས་ཀྱི་ཁྲོད་དུ་གཉིད་དུ་སོང་བ་དང་། དེ་དག་གིས་ཁོང་ས་མར་ཡཱ་རུ་བསྐུངས་ནས། དེའི་སྲས་ཡོ་ཨས་ནི་དེའི་མལ་དུ་རྒྱལ་པོ་གྱུར་ཏོ༎༡༠ ཡ་ཧུ་དཱའི་རྒྱལ་པོ་ཡོ་ཨས་ཀྱིས་རྒྱལ་སྲིད་བསྐྱངས་པའི་ལོ་སོ་བདུན་པར། ཡོ་ཨ་ཧས་ཀྱི་སྲས་ཡོ་ཨས་་ས་མར་ཡཱ་རུ་ཨིས་ར་ཨེལ་གྱི་རྒྱལ་པོར་གྱུར་ཏེ། ལོ་བཅུ་དྲུག་རྒྱལ་སྲིད་བསྐྱངས་སོ། ༡༡ དེས་ཀྱང་ཡ་ཧོ་ཝཱའི་གཟིགས་ངོར་མི་རིགས་པ་ཡིན་པ་དེ་སྤྱད་ནས། ཨིས་ར་ཨེལ་ལ་སྡིག་པ་བྱེད་དུ་བཅུག་པའི་ནེ་བཱད་ཀྱི་བུ་ཡེ་རོབ་ཨམ་གྱི་སྡིག་པ་རྣམས་སྤྱད་ཅིང་། དེ་དག་ལས་མ་བྱོལ་ཏོ། ༡༢ ཡང་ཡོ་ཨས་ཀྱི་གཞན་བྱ་བ་རྣམས་དང་། དེས་ཅི་དང་ཅི་བྱས་པ་ཐམས་ཅད་དང་། ཡ་ཧུ་དཱའི་རྒྱལ་པོ་ཨ་མ་ཙི་ཡཱ་ལ་དམག་བརྒྱབས་པའི་མཐུ་རྩལ་དག ཨིས་ར་ཨེལ་གྱི་རྒྱལ་པོ་རྣམས་ཀྱི་རྒྱལ་རབས་ཀྱི་མདོ་རུ་བྲིས་སོ། ༡༣ ཡང་ཡོ་ཨས་རང་གི་མེས་པོའི་ཁྲོད་དུ་གཉིད་དུ་སོང་བ་དང་། ཡེ་རོབ་ཨམ་ནི་དེའི་རྒྱལ་ཁྲི་ལ་འཁོད་དོ། ཡོ་ཨས་་ས་མར་ཡཱ་རུ་ཨིས་ར་ཨེལ་གྱི་རྒྱལ་པོ་རྣམས་ཀྱི་ཁྲོད་དུ་བསྐུངས་སོ༎
༡༤ དེའི་དུས་སུ་ཨེ་ལི་ཤཱ་བསྙུངས་ནས། དེ་ལ་བརྟེན་ནས་ཁོང་གྲོངས་སོ། དེར་ཨིས་ར་ཨེལ་གྱི་རྒྱལ་པོ་ཡོ་ཨས་ཁོང་གི་དྲུང་དུ་འོངས་ནས། དེའི་ཞལ་ངོར་བཤུམས་ཤིང་། ཀྱེ་ངའི་ཡབ། ཀྱེ་ངའི་ཡབ། ཨིས་ར་ཨེལ་གྱི་ཤིང་རྟ་དང་། དེའི་རྟ་པ་ནི་ཁྱེད་ལགས་སོ། ཞེས་ཞུས་པས། ༡༥ ཨེ་ལི་ཤཱས་དེ་ལ། རང་གི་མདའ་གཞུ་ལག་ཏུ་ཐོགས་ཤིག་བགྱིས་ནས། དེས་མདའ་གཞུ་ལག་ཏུ་བླངས་པ་དང་། ༡༦ ཁོང་གིས་ཨིས་ར་ཨེལ་གྱི་རྒྱལ་པོ་དེ་ལ། རང་གི་ལག་པས་གཞུ་སྐྱིལ་ཞིག བྱས་ནས། ཨེ་ལི་ཤཱས་རང་གི་ལག་པ་གཉིས་ཀ་རྒྱལ་པོའི་ལག་པའི་ཁར་བཞག་སྟེ་དེ་ལ། ༡༧ ཤར་ཕྱོགས་ཀྱི་དཀར་ཁུང་ཕྱེས་ཤིག བྱས་ནས། དེས་ཕྱེས་པ་དང་། ཨེ་ལི་ཤཱས། ད་མདའ་རྒྱོབ་ཅིག བསྒོ་བ་དང་། དེས་བརྒྱབས་སོ། ཡང་ཨེ་ལི་ཤཱས། འདི་ནི་ཡ་ཧོ་ཝཱའི་སྐྱབས་མདའ་དང་། ཨ་རམ་པ་ལས་ཐར་བའི་མདའ་ལགས་པས་ན། ཨ་རམ་པ་ཚར་མ་བཅད་པའི་བར་དུ། ཁྱེད་ཀྱིས་ཨ་ཕེག་ཏུ་དེ་རྣམས་གསོད་པར་བྱའོ། ཞེས་གསུངས་ནས། ༡༨ ཡང་ཁོང་གིས། མདའ་ཐོགས་ཤིག བྱས་ནས། དེས་མདའ་རྣམས་བླངས་པ་དང་། ཁོང་གིས་ཨིས་ར་ཨེལ་གྱི་རྒྱལ་པོ་ལ། ས་ལ་མདའ་རྒྱོབ་ཅིག བསྒོ་བས། དེས་ཐེང་གསུམ་བརྒྱབས་ནས་བསྡད་དོ། ༡༩ དེར་དཀོན་མཆོག་གི་སྐྱེས་བུ་ཁྲོས་ཤིང་དེ་ལ། ཁྱེད་ཀྱིས་ཐེང་ལྔ་དྲུག་བརྒྱབ་པ་ཡིན་ན། ཁྱེད་ཀྱིས་ཨ་རམ་པ་ཚར་མ་གཅོད་པའི་བར་དུ་བསད་པ་ཡིན། ད་ཁྱེད་ཨ་རམ་པའི་ཐོག་ཏུ་ཐེང་གསུམ་མིན་པར་རྒྱལ་བར་མི་འགྱུར་རོ། ཞེས་གསུངས་སོ༎
༢༠ དེ་ནས་ཨེ་ལི་ཤཱ་གྲོངས་ནས། དུར་དུ་བཙུད་དོ། མོ་ཨབ་པའི་སོ་པ་རྣམས་ཀྱིས་ལོ་གཞུང་ཡུལ་ལ་དམག་དྲངས་པ་དང་། ༢༡ དེ་དག་གིས་མིའི་རོ་ཞིག་སྐུང་གིན་ཡོད་དུས་སུ། ལྟོས་ཤིག དམག་དཔུང་ཞིག་མཐོང་བས། རོ་དེ་ཨེ་ལི་ཤཱའི་སྤུར་ཁང་གི་ནང་དུ་དབྱུགས་ནས། བྲོས་སོང་ངོ་། རོ་དེ་ཐུར་དུ་ལྷུང་ནས་ཨེ་ལི་ཤཱའི་གདུང་རུས་ལ་ཐུག་པ་དང་། དེ་གསོན་པོར་གྱུར་ཏེ། རང་གི་རྐང་པའི་ཁར་ཐེར་ལངས་སོ༎
༢༢ ཨ་རམ་པའི་རྒྱལ་པོ་ཧ་ཟ་ཨེལ་གྱིས་ཡོ་ཨ་ཧས་ཀྱི་མི་ཚེ་གང་པོ་ལ་ཨིས་ར་ཨེལ་ལ་དབང་ཆོས་བྱས་མོད། ༢༣ ཡ་ཧོ་ཝཱས་དེ་རྣམས་ལ་ཐུགས་རྗེས་བཟུང་ཞིང་ཐུགས་བརྩེ་བར་དགོངས་ཏེ། ཨབ་ར་ཧམ་དང་། ཨི་སཱག་དང་། ཡ་ཀོབ་གསུམ་དང་མཛད་པའི་ཞལ་ཆད་ལ་གཟིགས་ནས། དེ་རྣམས་མེད་པར་མཛད་པ་ལ་མ་དགྱེས་ཏེ། ད་དུང་ཁོང་ཉིད་ཀྱི་ཞལ་ངོ་ལས་འདོར་བར་མ་མཛད་དོ༎
༢༤ དེ་ནས་ཨ་རམ་གྱི་རྒྱལ་པོ་ཧ་ཟ་ཨེལ་ཚེ་འདས་པ་དང་། དེའི་སྲས་བེན་ཧ་དད་ཀྱིས་དེའི་ཚབ་ཏུ་རྒྱལ་སྲིད་བཟུང་ངོ་། ༢༥ དེར་ཡོ་ཨ་ཧས་ཀྱི་སྲས་ཡོ་ཨས་ཀྱིས་ཧ་ཟ་ཨེལ་གྱི་བུ་བེན་ཧ་དད་ཀྱི་ལག་པ་ལས། དེའི་ཡབ་ཡོ་ཨ་ཧས་ལ་དམག་རྒྱབ་ཅིང་ཁྱེར་བའི་གྲོང་ཁྱེར་རྣམས་ཕྱིར་བླངས་སོ། ཡོ་ཨས་ཀྱིས་དེ་ནི་ལན་གསུམ་དུ་ཕམ་པར་བྱས་ཏེ། ཨིས་ར་ཨེལ་གྱི་གྲོང་ཁྱེར་ཐམས་ཅད་ཕྱིར་བླངས་སོ༎