༡༤
ཨིས་ར་ཨེལ་གྱི་རྒྱལ་པོ་ཡོ་ཨ་ཧས་ཀྱི་སྲས་ཡོ་ཨས་ཀྱི་རྒྱལ་སྲིད་ཀྱི་ལོ་གཉིས་པར། ཡ་ཧུ་དཱའི་རྒྱལ་པོ་ཡོ་ཨས་ཀྱི་སྲས་ཨ་མ་ཙི་ཡཱས་རྒྱལ་སྲིད་བཟུང་ངོ་། ༢ རྒྱལ་སྲིད་འཛིན་དུས་སུ་ལོ་ཉེར་ལྔ་ལོན་པ་དང་། ཡེ་རུ་ཤ་ལེམ་དུ་ལོ་ཉེར་དགུའི་རིང་དུ་རྒྱལ་སྲིད་མཛད་དོ། དེའི་ཡུམ་ནི་ཡེ་རུ་ཤ་ལེམ་མ་ཡོ་ཨ་དན་བྱ་བའོ། ༣ དེས་ཡ་ཧོ་ཝཱའི་གཟིགས་ངོར་རིགས་པ་བཞིན་སྤྱད་མོད། རང་གི་མེས་པོ་དཱ་བིད་ལྟར་དུ་མ་བྱེད་པར། རང་གི་ཡབ་ཡོ་ཨས་ཀྱིས་བྱས་པ་ལྟར་བྱས་ཏེ། ༤ མཐོ་གླིང་རྣམས་མེད་པར་མ་བྱས་པས། དུས་དེ་ཙམ་ན་ཡང་མི་རྣམས་ཀྱིས་མཐོ་གླིང་གི་ནང་དུ་མཆོད་པ་ཕུལ་ཏེ། བསངས་གཏོང་བ་ཡིན། ༥ ཡང་དེའི་ཕྱག་ཏུ་རྒྱལ་སྲིད་བརྟན་པོར་གྱུར་མ་ཐག་ཏུ། དེའི་ཡབ་རྒྱལ་པོ་བསད་མཁན་གྱི་རང་གི་གཡོག་འཁོར་རྣམས་བསད་པ་ཡིན་གྱིས། ༦ མོ་ཤེའི་བཀའ་ཁྲིམས་ཀྱི་མདོའི་ནང་དུ་ཡ་ཧོ་ཝཱས་འདི་སྐད་དུ། བུ་ཕྲུག་གི་ཚབ་ཏུ་ཕ་དང་། ཕའི་ཚབ་ཏུ་བུ་ཕྲུག་ནི་གསོད་པའི་མི་རིགས་ཀྱིས། མི་རེས་བྱས་པའི་རང་གི་ཉེས་པའི་ལན་དུ་གསོད་པའི་རིགས་སོ། ཞེས་གདམས་པ་བཞིན་དུ་དེས་མི་བསད་དེ། དེ་དག་གི་བུ་རྣམས་མ་བསད་དོ༎༧ ཡང་དེས་ཚྭའི་ལུང་པ་རུ་ཨེ་དོམ་པ་མི་སྟོང་ཕྲག་བཅུ་བསད་ནས། སེ་ལཱ་ཡི་གྲོང་ཁྱེར་ལ་དམག་བརྒྱབས་ནས་བླངས་ཏེ། དེ་ཡི་མིང་དུ་ཡོག་ཐེ་ཨེལ་བཏགས་ཏེ། དེ་རིང་གི་བར་དུ་ཡང་དེ་ལྟར་བྱའོ༎
༨ དེ་ནས་ཨ་མ་ཙི་ཡཱས་ཡེ་ཧུའི་ཚ་བོའམ། ཡོ་ཨ་ཧས་ཀྱི་སྲས་ཡོ་ཨས་བྱ་བའི་ཨིས་ར་ཨེལ་གྱི་རྒྱལ་པོའི་དྲུང་དུ་བང་ཆེན་བརྫངས་ནས་དེ་ལ། ཚུར་ཤོག ངེད་གཉིས་ཕན་ཚུན་འཐབ་པར་བྱའོ། ཞེས་སྦྲན་པ་དང་། ༩ ཨིས་ར་ཨེལ་གྱི་རྒྱལ་པོ་ཡོ་ཨས་ཀྱིས་ཡ་ཧུ་དཱའི་རྒྱལ་པོ་ཨ་མ་ཙི་ཡཱ་ལ་ཕྲིན་ལན་དུ་འདི་སྐད་དུ། ལི་བ་ནོན་གྱི་ལྗང་ཚེར་གྱིས་ལི་བ་ནོན་གྱི་འགྱམ་ཤིང་ལ། ཁྱོད་ཀྱི་བུ་མོ་དེ་ངའི་བུ་ལ་མནའ་མར་ཐོང་ཞིག བྱས་ནས་ཕྲིན་བསྐུར་ཀྱང་། ལི་བ་ནོན་དུ་ཡོད་པའི་རི་དྭགས་ཤིག་ལྗང་ཚེར་དེའི་ཐོག་ཏུ་འགལ་ནས། རྐང་པས་བརྫིས་སོ། ༡༠ ཁྱེད་ཀྱིས་ཨེ་དོམ་པ་འཇོམས་པར་བྱས་པ་ལ་བདེན་ཏེ། དེའི་རྐྱེན་གྱིས་ཁྱེད་ཀྱི་སྙིང་གིས་ཁྱེད་བཏེགས་ཏེ། ད་དེའི་ཕྱིར་སྤྱོམ་ཞིང་རང་ཁྱིམ་དུ་སྡོད་ཅིག དེ་ཅིའི་ཕྱིར་ཞེ་ན། ཁྱེད་ཀྱིས་རང་ལ་གནོད་པའི་དོན་དུ་ཅི་ལ་འདྲེ་བར་བྱེད། ཁྱེད་འགྱེལ་ན། ཁྱེད་དང་མཉམ་དུ་ཡ་ཧུ་དཱ་ཡང་འགྱེལ་བར་འགྱུར་རོ། ཞེས་སྨྲས་ཀྱང་།
༡༡ ཨ་མ་ཙི་ཡཱས་དེ་ལ་མ་ཉན་པ་དང་། ཨིས་ར་ཨེལ་གྱི་རྒྱལ་པོ་ཡོ་ཨས་ཀྱིས་དམག་བཏེགས་ནས། དེ་དང་ཡ་ཧུ་དཱའི་རྒྱལ་པོ་ཨ་མ་ཙི་ཡཱ་གཉིས་ནི་ཡ་ཧུ་དཱ་ལ་གཏོགས་པའི་བེད་ཤེ་མེས་བྱ་བ་རུ་གདོང་ཐུག་སོང་བ་དང་། ༡༢ ཡ་ཧུ་དཱ་ནི་ཨིས་ར་ཨེལ་གྱི་མདུན་ལས་ཕམ་པར་གྱུར་ཏེ། རེ་རང་གི་གུར་དུ་བྲོས་སོ། ༡༣ ཡང་ཨིས་ར་ཨེལ་གྱི་རྒྱལ་པོ་ཡོ་ཨས་ཀྱིས་ཨ་ཧས་ཡཱ་ཡི་ཚ་བོའམ། ཡོ་ཨས་ཀྱི་སྲས་ཨ་མ་ཙི་ཡཱ་བྱ་བའི་ཡ་ཧུ་དཱའི་རྒྱལ་པོ་དེ་བེད་ཤེ་མེས་སུ་བཟུང་ནས། ཡེ་རུ་ཤ་ལེམ་དུ་ཁྱེར་ཏེ། ཨེབ་ར་ཨིམ་གྱི་རྒྱ་སྒོ་ནས་གྲུ་ཀྱོག་གི་རྒྱ་སྒོའི་བར་དུ། རིང་ཁྲུ་བཞི་བརྒྱ་ཡོད་པའི་ཡེ་རུ་ཤ་ལེམ་གྱི་ལྕགས་རི་དེ་བཤིག་ནས། ༡༤ ཡ་ཧོ་ཝཱའི་མཆོད་ཁང་དང་། རྒྱལ་ཁབ་ཀྱི་གཏེར་མཛོད་ཀྱི་ནང་ནས་ཐོབ་པའི་གསེར་དངུལ་ཐམས་ཅད་དང་། ཡོ་བྱད་ཡོད་དོ་ཅོག་ཁྱེར་ཏེ། མི་མང་ཙམ་ལག་མིར་ཁྲིད་ནས་ལོག་གོ།
༡༥ ཡོ་ཨས་ཀྱིས་གཞན་ཅི་བྱས་པ་དང་། དེའི་དབང་དང་། ཡ་ཧུ་དཱའི་རྒྱལ་པོ་ཨ་མ་ཙི་ཡཱ་ལ་ཇི་ལྟར་དམག་རྒྱབ་པ་ནི། ཨིས་ར་ཨེལ་གྱི་རྒྱལ་པོ་རྣམས་ཀྱི་རྒྱལ་རབས་ཀྱི་མདོ་རུ་བྲིས་ནས་མེད་དམ། ༡༦ དེ་ནས་ཡོ་ཨས་རང་གི་ཕ་མེས་ཀྱི་ཁྲོད་དུ་གཉིད་དུ་སོང་ནས། ས་མར་ཡཱ་རུ་ཨིས་ར་ཨེལ་གྱི་རྒྱལ་པོ་རྣམས་ཀྱི་ཁྲོད་དུ་བསྐུངས་ནས། དེའི་སྲས་ཡེ་རོབ་ཨམ་གྱིས་དེའི་མལ་དུ་རྒྱལ་སྲིད་བཟུང་ངོ་༎
༡༧ ཨིས་ར་ཨེལ་གྱི་རྒྱལ་པོ་ཡོ་ཨ་ཧས་ཀྱི་སྲས་ཡོ་ཨས་ཚེ་ལས་འདས་པའི་འོག་ཏུ། ཡ་ཧུ་དཱའི་རྒྱལ་པོ་ཡོ་ཨས་ཀྱི་སྲས་ཨ་མ་ཙི་ཡཱ་ནི་ད་དུང་ལོ་བཅོ་ལྔ་གསོན་པོར་ལུས་སོ། ༡༨ ཨ་མ་ཙི་ཡཱ་ཡི་གཞན་བྱ་བ་རྣམས་ཡ་ཧུ་དཱའི་རྒྱལ་པོ་རྣམས་ཀྱི་རྒྱལ་རབས་ཀྱི་མདོ་རུ་བྲིས་ཏེ་མེད་དམ། ༡༩ དེ་ནས་མི་རྣམས་ཀྱིས་ཡེ་རུ་ཤ་ལེམ་དུ་དེ་ལ་ངོ་ལོག་བྱས་པས། དེ་ནི་ལཱ་ཁིས་སུ་བྲོས་ཀྱང་། དེ་དག་གིས་དེའི་རྗེས་སུ་ལཱ་ཁིས་སུ་མི་བཏང་བ་དང་། དེར་བསད་དོ། ༢༠ དེ་ནས་ཤིང་རྟ་ལ་བཀལ་ནས། འཁྱེར་འོང་སྟེ། ཡེ་རུ་ཤ་ལེམ་དུ་དཱ་བིད་ཀྱི་གྲོང་ཁྱེར་གྱི་ནང་ན་དེའི་ཕ་མེས་ཀྱི་ཁྲོད་དུ་བསྐུངས་སོ། ༢༡ དེ་ནས་ཡ་ཧུ་དཱ་ཡི་འབངས་རྣམས་ཀྱིས་ལོ་བཅུ་དྲུག་ལོན་པའི་ཨ་ཟར་ཡཱ་བྱ་བ་དེ་འཁྱེར་ཏེ། དེའི་ཡབ་ཨ་མ་ཙི་ཡཱ་ཡི་ཚབ་ཏུ་རྒྱལ་པོར་བསྐོས་སོ། ༢༢ དེས་ཨེ་ལད་བྱ་བའི་གྲོང་ཁྱེར་བཙུགས་ནས། ཕྱིས་སུ་དེ་རང་གི་ཕ་མེས་དང་མཉམ་དུ་གཉིད་དུ་སོང་བའི་འོག་ཏུ། གྲོང་ཁྱེར་དེ་ཡ་ཧུ་དཱའི་རྒྱལ་སྲིད་ཀྱི་ནང་དུ་བསྲེས་པ་ཡིན།
༢༣ ཡ་ཧུ་དཱའི་རྒྱལ་པོ་ཡོ་ཨས་ཀྱི་སྲས་ཨ་མ་ཙི་ཡཱས་རྒྱལ་སྲིད་བསྐྱངས་པའི་ལོ་བཅོ་ལྔ་པར། ཨིས་ར་ཨེལ་གྱི་རྒྱལ་པོ་ཡོ་ཨས་ཀྱི་སྲས་ཡེ་རོབ་ཨམ་་ས་མར་ཡཱ་རུ་རྒྱལ་སྲིད་བྱེད་དུ་ཚུགས་ནས། ལོ་ཞེ་གཅིག་གི་རིང་དུ་རྒྱལ་སྲིད་བསྐྱངས་སོ། ༢༤ དེས་ཡ་ཧོ་ཝཱའི་གཟིགས་ངོར་ངན་པར་སྤྱད་ཅིང་། ཨིས་ར་ཨེལ་ལ་སྡིག་པ་བྱེད་དུ་བཅུག་པའི་ནེ་བཱད་ཀྱི་བུ་ཡེ་རོབ་ཨམ་གྱི་སྡིག་པ་ཐམས་ཅད་ལས་མ་བྲལ་ཏོ། ༢༥ དེས་ཧ་མད་ཀྱི་འགག་ནས་བཟུང་སྟེ། བྱེ་ཐང་གི་རྒྱ་མཚོ་ཡི་བར་དུ་ཨིས་ར་ཨེལ་ཡུལ་གྱི་ས་མཚམས་ཐམས་ཅད་སྔར་ལྟར་ཕྱིར་ལོག་བླངས་སོ། བྱ་བ་འདི་ནི་ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གིས་ཉིད་ཀྱི་བྲན་པོ་གད་ཧེ་ཕེར་པ་ཨ་མི་ཐཱ་ཨི་ཡི་བུ་ཡོ་ནཱ་ཡི་ངག་གི་སྒོ་ནས་གསུངས་པ་བཞིན་ནོ། ༢༦ དེ་ཅིའི་ཕྱིར་ཞེ་ན། ཡ་ཧོ་ཝཱས་ཨིས་ར་ཨེལ་གྱི་སྡུག་བསྔལ་དྲག་པོ་དེ་ལ་གཟིགས་སོ། དེ་རྣམས་ཀྱི་ཁྲོད་ནས་བཀག་སྟེ་ཡོད་མཁན་དང་ལྷོད་ཡོད་མཁན་རྣམས་ཀྱང་མེད་པར་གྱུར་ཏེ། ཨིས་ར་ཨེལ་གྱི་ཆེད་དུ་སྐྱབས་བྱེད་མཁན་གཅིག་ཀྱང་མ་བྱུང་ངོ་། ༢༧ ངས་ནམ་མཁའི་འོག་ནས་ཨིས་ར་ཨེལ་གྱི་མིང་རྟགས་མེད་པར་བྱའོ། ཞེས་ཡ་ཧོ་ཝཱས་མ་གསུངས་པས། ཁོང་གིས་དེ་རྣམས་ཡོ་ཨས་ཀྱི་སྲས་ཡེ་རོབ་ཨམ་གྱི་ལག་གིས་ཐར་དུ་བཅུག་གོ།
༢༨ ཡེ་རོབ་ཨམ་གྱི་གཞན་བྱ་བ་རྣམས་དང་། ཅི་དང་ཅི་བྱས་པ་ཐམས་ཅད་དང་། དེས་ཇི་ལྟར་འཐབས་ནས། ཡ་ཧུ་དཱ་ལ་སྔོན་དུ་གཏོགས་པའི་ད་མཱ་སེག་དང་ཧ་མད་གཉིས་ཨིས་ར་ཨེལ་གྱི་དོན་དུ་བླངས་པའི་སྟོབས་ཤུགས་ནི། ཨིས་ར་ཨེལ་གྱི་རྒྱལ་པོ་རྣམས་ཀྱི་རྒྱལ་རབས་ཀྱི་མདོ་རུ་བྲིས་མེད་དམ། ༢༩ དེ་ནས་ཡེ་རོབ་ཨམ་རང་གི་ཕ་མེས་དང་མཉམ་དུ་གཉིད་དུ་སོང་ནས། ཨིས་ར་ཨེལ་གྱི་རྒྱལ་པོ་རྣམས་ཀྱི་ཁྲོད་དུ་བསྐུངས་སོ། ཡང་དེའི་སྲས་ཟ་ཀར་ཡཱ་དེའི་མལ་དུ་རྒྱལ་པོར་གྱུར་ཏོ༎