༡༥
ཨིས་ར་ཨེལ་གྱི་རྒྱལ་པོ་ཡེ་རོབ་ཨམ་གྱིས་རྒྱལ་སྲིད་བྱེད་པའི་ལོ་ཉེར་བདུན་པ་ལ། ཡ་ཧུ་དཱའི་རྒྱལ་པོ་ཨ་མ་ཙི་ཡཱ་ཡི་སྲས་ཨ་ཟར་ཡཱས་རྒྱལ་སྲིད་བཟུང་སྟེ། ༢ རྒྱལ་སར་སྐོ་དུས་སུ་ལོ་བཅུ་དྲུག་ལོན་པ་དང་། དེས་ཡེ་རུ་ཤ་ལེམ་དུ་ལོ་ལྔ་བཅུ་ང་གཉིས་རྒྱལ་སྲིད་བྱས་སོ། དེའི་ཡུམ་ནི་ཡེ་རུ་ཤ་ལེམ་མ་ཡེ་ཁོལ་ཡཱ་བྱའོ། ༣ དེས་རང་གི་ཡབ་ཨ་མ་ཙི་ཡཱས་སྤྱད་པ་ལྟར། ཡ་ཧོ་ཝཱའི་གཟིགས་ངོར་རིགས་པ་དེ་བྱས་སོ། ༤ འོན་ཀྱང་མཐོ་གླིང་རྣམས་མ་བཤིག་པར་ཡོད་པས། དུས་དེ་ཙམ་ན་ཡང་མི་རྣམས་ཀྱིས་མཐོ་གླིང་གི་ནང་དུ་མཆོད་པ་ཕུལ་ཏེ། བསངས་བཏང་བ་ཡིན། ༥ དེའི་ཕྱིར་དུ་ཡ་ཧོ་ཝཱས་རྒྱལ་པོ་ལ་བརྡུངས་པས། དེ་མ་འཆི་བའི་བར་དུ་མཛེ་ནད་ཀྱིས་བཏབ་ནས་ལུས་ཏེ། ཟུར་དུ་ཁང་པ་ཞིག་གི་ནང་ན་གནས་པ་ཡིན། ཡང་རྒྱལ་པོའི་སྲས་ཡོ་ཐམ་ནི་མཁར་བདག་ཡིན་པས། མི་སྡེའི་ཞལ་ཆེ་བཅད་དོ། ༦ ཡང་ཨ་ཟར་ཡཱའི་གཞན་བྱ་བ་རྣམས་དང་། དེས་ཅི་དང་ཅི་བྱས་པ་ཐམས་ཅད་ནི། ཡ་ཧུ་དཱའི་རྒྱལ་པོ་རྣམས་ཀྱི་རྒྱལ་རབས་ཀྱི་མདོ་རུ་བྲིས་མེད་དམ། ༧ དེ་ནས་ཨ་ཟར་ཡཱ་རང་གི་ཕ་མེས་དང་མཉམ་དུ་གཉིད་དུ་སོང་ནས། དཱ་བིད་ཀྱི་གྲོང་ཁྱེར་དུ་དེའི་ཕ་མེས་ཀྱི་ཁྲོད་དུ་བསྐུངས་པ་དང་། དེའི་སྲས་ཡོ་ཐམ་ནི་དེའི་མལ་དུ་རྒྱལ་པོར་གྱུར་ཏོ༎༨ ཡ་ཧུ་དཱའི་རྒྱལ་པོ་ཨ་ཟར་ཡཱས་སྲིད་བྱེད་པའི་ལོ་སོ་བརྒྱད་པར། ཡེ་རོབ་ཨམ་གྱི་སྲས་ཟ་ཀར་ཡཱས་ས་མར་ཡཱ་རུ་ཨིས་ར་ཨེལ་ལ་ཟླ་བ་དྲུག་གི་རིང་དུ་རྒྱལ་སྲིད་བྱས་སོ། ༩ དེས་རང་གི་ཕ་མེས་ཀྱི་ཚུལ་དུ་ཡ་ཧོ་ཝཱའི་གཟིགས་ངོར་ངན་པ་སྤྱད་དེ། ཨིས་ར་ཨེལ་ལ་སྡིག་པ་བྱེད་དུ་བཅུག་པའི་ནེ་བཱད་ཀྱི་བུ་ཡེ་རོབ་ཨམ་གྱི་སྡིག་པ་རྣམས་ལས་མ་བྱོལ་ཏོ། ༡༠ དེ་ནས་ཡ་བེས་ཀྱི་བུ་ཤལ་ལུམ་གྱིས་དེ་ལ་ངོ་ལོག་ནས། འབངས་རྣམས་ཀྱི་མདུན་དུ་དེ་ལ་བརྒོལ་ནས་བསད་དེ། དེའི་མལ་དུ་རྒྱལ་པོར་གྱུར་ཏོ༎
༡༡ ཟ་ཀར་ཡཱའི་གཞན་བྱ་བ་རྣམས་ནི་ཨིས་ར་ཨེལ་གྱི་རྒྱལ་པོ་རྣམས་ཀྱི་རྒྱལ་རབས་ཀྱི་མདོ་རུ་བྲིས་མེད་དམ། ༡༢ སྔར་ཡ་ཧོ་ཝཱས་ཡེ་ཧུ་ལ། མི་རབས་བཞིའི་རིང་དུ་ཁྱོད་ཀྱི་བུ་བརྒྱུད་ཨིས་ར་ཨེལ་གྱི་རྒྱལ་ཁྲིར་འཁོད་པར་འགྱུར་རོ། ཞེས་གསུངས་པའི་བཀའ་བཞིན་དུ་གྲུབ་པར་གྱུར་ཏོ༎
༡༣ ཡང་ཡ་ཧུ་དཱའི་རྒྱལ་པོ་ཨུ་ཟི་ཡཱས་རྒྱལ་སྲིད་བཟུང་ནས་ལོ་སོ་དགུ་པ་ལ། ཡ་བེས་ཀྱི་བུ་ཤལ་ལུམ་གྱིས་རྒྱལ་སྲིད་བཟུང་ནས། དེས་ས་མར་ཡཱ་རུ་ཟླ་བ་ཧྲིལ་པོ་གཅིག་རྒྱལ་སྲིད་བྱས་སོ། ༡༤ དེ་ཅིའི་ཕྱིར་ཞེ་ན། ག་དཱི་ཡི་བུ་མེ་ན་ཧེམ་བྱ་བ་ནི་ཐིར་ཙཱ་ནས་ཐེགས་ཏེ། ས་མར་ཡཱ་རུ་ཡ་བེས་ཀྱི་བུ་ཤལ་ལུམ་ལ་བརྡུངས་ནས་བསད་དེ། དེའི་མལ་དུ་རྒྱལ་པོར་གྱུར་ཏོ། ༡༥ ཤལ་ལུམ་གྱི་གཞན་བྱ་བ་རྣམས་དང་། དེས་བརྒྱབ་པའི་ངོ་ལོག་ནི་ཨིས་ར་ཨེལ་རྒྱལ་པོ་རྣམས་ཀྱི་རྒྱལ་རབས་ཀྱི་མདོ་རུ་བྲིས་མེད་དམ། ༡༦ དེ་ནས་མེ་ན་ཧེམ་གྱིས་ཏིབ་སཱ་དང་། དེའི་ནང་དུ་ཡོད་པ་ཐམས་ཅད། ཐིར་ཙཱ་ནས་བཟུང་སྟེ། དེའི་ས་མཚམས་རྣམས་ཀྱི་བར་དུ་མེད་པར་བྱས་སོ། གང་ལ་ཞེ་ན། དེ་དག་གིས་ཁོ་ལ་སྒོ་མ་ཕྱེས་པའི་སླད་དུའོ། དེས་ཡུལ་དེ་ནང་གི་བུད་མེད་སྦྲུམ་མ་ཐམས་ཅད་ཀྱི་གྲོད་པ་བཤགས་སོ༎
༡༧ ཡ་ཧུ་དཱའི་རྒྱལ་པོ་ཨ་ཟར་ཡཱའི་རྒྱལ་སྲིད་ཀྱི་ལོ་སོ་དགུ་པར། ག་དཱི་ཡི་བུ་མེ་ན་ཧེམ་ནི་ཨིས་ར་ཨེལ་གྱི་རྒྱལ་པོར་གྱུར་ནས། ས་མར་ཡཱ་རུ་ལོ་བཅུའི་རིང་དུ་རྒྱལ་སྲིད་བྱས་སོ། ༡༨ དེས་ཡ་ཧོ་ཝཱའི་སྤྱན་སྔར་ངན་པ་སྤྱད་ཅིང་། རང་གི་ཚེ་ཐོག་ཐག་ཏུ་ཨིས་ར་ཨེལ་ལ་སྡིག་པ་བྱེད་དུ་བཅུག་པའི་ནེ་བཱད་ཀྱི་བུ་ཡེ་རོབ་ཨམ་གྱི་སྡིག་པ་ལས་མ་བྲལ་ཏོ། ༡༩ དེའི་ཚེ་ཨ་སུར་གྱི་རྒྱལ་པོ་ཕུལ་བྱ་བ་ཞིག་གིས་དེའི་ཡུལ་ལ་དམག་དྲངས་པ་དང་། མེ་ན་ཧེམ་གྱིས་རྒྱལ་སྲིད་རང་གི་ལག་པར་གཏན་འཇགས་ལུས་རྒྱུར་རོགས་རམ་བྱེད་ཕྱིར་དུ་ཕུལ་ལ་དངུལ་གྱི་རྡོ་ཚད་སྟོང་ཕྲག་གཅིག་བཏང་ངོ་། ༢༠ དེར་མེ་ན་ཧེམ་གྱིས་ཨ་སུར་རྒྱལ་པོ་ལ་འབུལ་བའི་ཕྱིར། ཨིས་ར་ཨེལ་དུ་ཡོད་པའི་ནོར་སྟོབས་ཆེ་བ་ཐམས་ཅད་ལས་དངུལ་གྱི་དོང་ཙེ་ལྔ་བཅུ་ལྔ་བཅུ་བསྡུས་པ་དང་། ཨ་སུར་རྒྱལ་པོ་ནི་ཡུལ་དེར་མ་བསྡད་པར། ཕྱིར་ལོག་གོ། ༢༡ ཡང་མེ་ན་ཧེམ་གྱི་གཞན་བྱ་བ་རྣམས་དང་། དེས་ཇི་དང་ཇི་བྱས་པ་ཐམས་ཅད་ཨིས་ར་ཨེལ་གྱི་རྒྱལ་པོའི་རྒྱལ་རབས་ཀྱི་མདོ་རུ་བྲིས་ཏེ་མེད་དམ། ༢༢ དེ་ནས་མེ་ན་ཧེམ་རང་གི་ཕ་མེས་དང་མཉམ་གཉིད་དུ་སོང་བ་དང་། དེའི་སྲས་པེ་ཀ་ཡཱས་དེའི་མལ་དུ་རྒྱལ་སྲིད་བཟུང་ངོ་༎
༢༣ ཡ་ཧུ་དཱའི་རྒྱལ་པོ་ཨ་ཟར་ཡཱས་རྒྱལ་སྲིད་བྱེད་པའི་ལོ་ལྔ་བཅུ་པ་ལ། མེ་ན་ཧེམ་གྱི་སྲས་པེ་ཀ་ཡཱ་་ཨིས་ར་ཨེལ་གྱི་རྒྱལ་པོར་གྱུར་ནས། དེས་ས་མར་ཡཱ་རུ་ལོ་གཉིས་རྒྱལ་སྲིད་བྱས་སོ། ༢༤ དེས་ཀྱང་ཡ་ཧོ་ཝཱའི་གཟིགས་ངོར་ངན་པ་སྤྱད་དེ། ཨིས་ར་ཨེལ་ལ་སྡིག་པ་བྱེད་དུ་བཅུག་པའི་ནེ་བཱད་ཀྱི་བུ་ཡེ་རོབ་ཨམ་གྱི་སྡིག་པ་རྣམས་ལས་མ་བྲལ་ཏོ། ༢༥ ཡང་དེའི་དམག་དཔོན་རེ་མལ་ཡཱ་ཡི་བུ་པེ་ཀཱས་དེ་ལ་ངོ་ལོག་བྱས་ཏེ། གིལ་ཨད་པ་མི་ལྔ་བཅུ་དང་བཅས་སུ་སོང་ནས། ས་མར་ཡཱའི་རྒྱལ་ཁབ་ཀྱི་གཟིམས་ཆུང་ནང་དུ་རྒྱལ་པོ་དང་། ཨར་གོབ་དང་། ཨར་ཡེ་གསུམ་པོ་ལ་བརྡུངས་ནས་བསད་དེ། དེའི་ཚབ་ཏུ་རྒྱལ་སྲིད་བཟུང་ངོ་། ༢༦ ཡང་པེ་ཀ་ཡཱའི་གཞན་བྱ་བ་རྣམས་དང་། དེས་ཇི་དང་ཇི་བྱས་པ་ཐམས་ཅད་ཨིས་ར་ཨེལ་གྱི་རྒྱལ་པོའི་རྒྱལ་རབས་ཀྱི་མདོ་རུ་བྲིས་ཏེ་མེད་དམ།
༢༧ ཡ་ཧུ་དཱའི་རྒྱལ་པོ་ཨ་ཟར་ཡཱས་རྒྱལ་སྲིད་བྱེད་པའི་ལོ་ལྔ་བཅུ་ང་གཉིས་པར། རེ་མལ་ཡཱའི་བུ་པེ་ཀཱ་ནི་ས་མར་ཡཱ་རུ་རྒྱལ་པོར་གྱུར་ནས། ལོ་ཉི་ཤུ་རྒྱལ་སྲིད་བསྐྱངས་སོ། ༢༨ དེས་ཀྱང་ཡ་ཧོ་ཝཱའི་གཟིགས་ངོར་ངན་པ་ཡིན་པ་བྱས་ཏེ། ཨིས་ར་ཨེལ་ལ་སྡིག་པ་བྱེད་དུ་བཅུག་པའི་ནེ་བཱད་ཀྱི་བུ་ཡེ་རོབ་ཨམ་གྱི་སྡིག་པ་ལས་མ་བྲལ་ཏོ༎
༢༩ ཡང་ཨིས་ར་ཨེལ་གྱི་རྒྱལ་པོ་པེ་ཀཱའི་དུས་སུ། ཨ་སུར་རྒྱལ་པོ་ཏིག་ལད་པི་ལེ་སེར་བྱ་བ་དེ་འོངས་ནས། ཨི་ཡོན་དང་། ཨ་བེལ་བེད་མ་ཨ་ཁ་དང་། ཡ་ནོ་ཨ་དང་། ཀེ་དེས་དང་། ཧ་ཙོར་དང་། གིལ་ཨད་དང་། ག་ལིལ་དང་། ནབ་ཐ་ལིའི་ཡུལ་ཐམས་ཅད་བཟུང་སྟེ། མི་རྣམས་ཨ་སུར་དུ་བཙོན་དུ་ཁྱེར་ཏོ། ༣༠ དེ་ནས་ཨེ་ལཱ་ཡི་བུ་ཧོ་ཤེ་ཨས་རེ་མལ་ཡཱའི་བུ་པེ་ཀཱ་ལ་ངོ་ལོག་ནས་བསད་ནས། ཨུ་ཟི་ཡཱ་ཡི་སྲས་ཡོ་ཐམ་གྱིས་རྒྱལ་སྲིད་བྱེད་པའི་ལོ་ཉི་ཤུ་པ་ལ་དེའི་མལ་དུ་རྒྱལ་སྲིད་བཟུང་ངོ་། ༣༡ ཡང་པེ་ཀཱ་ཡི་གཞན་བྱ་བ་རྣམས་དང་། དེས་ཇི་དང་ཇི་བྱས་པ་ཐམས་ཅད་ནི། ཨིས་ར་ཨེལ་གྱི་རྒྱལ་པོའི་རྒྱལ་རབས་ཀྱི་མདོ་རུ་བྲིས་ཏེ་མེད་དམ།
༣༢ ཨིས་ར་ཨེལ་གྱི་རྒྱལ་པོ་རེ་མལ་ཡཱའི་སྲས་པེ་ཀཱས་རྒྱལ་སྲིད་བྱེད་པའི་ལོ་གཉིས་པར། ཡ་ཧུ་དཱའི་རྒྱལ་པོ་ཨུ་ཟི་ཡཱ་ཡི་སྲས་ཡོ་ཐམ་བྱ་བ་རྒྱལ་པོར་གྱུར་ཏོ། ༣༣ རྒྱལ་སྲིད་བཟུང་དུས་སུ། དེ་ནི་ལོ་ཉེར་ལྔ་ལོན་པ་དང་། ལོ་བཅུ་དྲུག་ཡེ་རུ་ཤ་ལེམ་དུ་རྒྱལ་སྲིད་བསྐྱངས་སོ། ཙ་དོག་གི་སྲས་མོ་ཡེ་རུ་ཤཱ་བྱ་བ་ནི་དེའི་ཡུམ་མོ། ༣༤ དེས་ཡ་ཧོ་ཝཱའི་གཟིངས་ངོར་སྤྱོད་པ་བཟང་པོ་སྤྱད་དེ། རང་གི་ཡབ་ཨུ་ཟི་ཡཱས་བྱས་པ་དེ་ཁོ་ན་བཞིན་དུ་བྱས་རུང་། མཐོ་གླིང་རྣམས་མ་བཤིག་པར་ཡོད་པས། ༣༥ དུས་དེ་ཙམ་ན་ཡང་མི་རྣམས་ཀྱིས་མཐོ་གླིང་གི་ནང་དུ་མཆོད་པ་ཕུལ་ཏེ། བསངས་བཏང་བ་ཡིན། དེས་ཡ་ཧོ་ཝཱའི་ཕོ་བྲང་གི་ལྟག་གི་སྒོ་དེ་བརྩིགས་སོ། ༣༦ ཡོ་ཐམ་གྱི་གཞན་བྱ་བ་རྣམས་དང་། དེས་ཇི་དང་ཇི་བྱས་པ་ཐམས་ཅད་ཡ་ཧུ་དཱའི་རྒྱལ་པོའི་རྒྱལ་རབས་ཀྱི་མདོ་རུ་བྲིས་ཏེ་མེད་དམ། ༣༧ ཡང་དེའི་དུས་སུ་ཡ་ཧོ་ཝཱས་ཨ་རམ་གྱི་རྒྱལ་པོ་རེ་ཙིན་དང་། རེ་མལ་ཡཱའི་བུ་པེ་ཀཱ་གཉིས་པོ་ཡ་ཧུ་དཱ་ལ་ཡུལ་འགྱེད་དུ་མངག་པར་ཆགས་སོ། ༣༨ དེ་ནས་ཡོ་ཐམ་རང་གི་ཕ་མེས་ཀྱི་ཁྲོད་དུ་གཉིད་དུ་སོང་ནས། དཱ་བིད་ཀྱི་གྲོང་ཁྱེར་དུ་རང་གི་ཡབ་མེས་ཀྱི་ཁྲོད་དུ་བསྐུངས་ཏེ། སྲས་ཨ་ཧས་དེའི་མལ་དུ་རྒྱལ་པོར་གྱུར་ཏོ༎