༡༦
རེ་མལ་ཡཱའི་སྲས་པེ་ཀཱས་རྒྱལ་སྲིད་བྱེད་པའི་ལོ་བཅུ་བདུན་པར། ཡ་ཧུ་དཱའི་རྒྱལ་པོ་ཡོ་ཐམ་གྱི་སྲས་ཨ་ཧས་རྒྱལ་པོར་གྱུར་ཏེ།  རྒྱལ་པོར་གྱུར་བའི་ཚེ། ལོ་ཉི་ཤུ་ལོན་ཡོད་དེ། ཡེ་རུ་ཤ་ལེམ་དུ་ལོ་བཅུ་དྲུག་རྒྱལ་སྲིད་བསྐྱངས་སོ། ཡབ་མེས་དཱ་བིད་ལྟར་དུ་དེས་ནི་ཡ་ཧོ་ཝཱའི་གཟིགས་ངོར་རིགས་པ་བཞིན་དུ་མ་བྱས་སོ།  དེ་ནི་ཨིས་ར་ཨེལ་གྱི་རྒྱལ་པོ་རྣམས་ཀྱི་ལམ་ནང་འགྲུལ་ཞིང་། ཡ་ཧོ་ཝཱས་ཨིས་ར་ཨེལ་གྱི་བུ་བརྒྱུད་ཀྱི་མདུན་ལས་བསྐྲད་པར་མཛད་པའི་ཕྱི་པའི་ཞེན་ལོག་གི་ཁྲིམས་བཞིན་དུ། དེས་རང་གི་བུ་དེ་ནི་མེའི་དཀྱིལ་དུ་འགྲོར་བཅུག་གོ།  དེ་མ་ཟད་དེ། མཐོ་གླིང་དང་། རི་དང་། སྐྱེ་ཤིང་སྔོན་པོ་རེ་རེའི་འོག་ཏུ་མཆོད་པ་ཕུལ་ཏེ། བསངས་བཏང་བ་ཡིན།
 དེ་ནས་ཨ་རམ་གྱི་རྒྱལ་པོ་རེ་ཙིན་དང་། ཨིས་ར་ཨེལ་གྱི་རྒྱལ་པོ་རེ་མལ་ཡཱ་ཡི་སྲས་པེ་ཀཱ་གཉིས་པོ་ཡེ་རུ་ཤ་ལེམ་དུ་དམག་འདྲེན་དུ་ཡར་འོངས་ནས། ཨ་ཧས་ལ་དམག་བསྐོར་བཏངས་ཀྱང་། རྒྱལ་བར་མ་ནུས་སོ།  དེའི་ཚེ་ཨ་རམ་རྒྱལ་པོ་རེ་ཙིན་གྱིས་ཨེ་ལད་ཡུལ་ཕྱིར་བླངས་ནས། ཨ་རམ་དུ་བསྲེས་ནས། ཨེ་ལད་ཀྱི་ནང་ནས་ཡ་ཧུ་དཱ་པ་རྣམས་ཕྱི་རོལ་དུ་བཏོན་ཏེ། ཨ་རམ་པ་རྣམས་ཨེ་ལད་དུ་འོངས་ནས། དེ་རིང་གི་བར་དུ་དེར་གནས་སོ།  དེའི་ཕྱིར་ཨ་ཧས་ཀྱིས་ཨ་སུར་གྱི་རྒྱལ་པོ་ཏིག་ལད་པི་ལེ་སེར་ལ་བང་ཆེན་བཏང་སྟེ་དེ་ལ། བདག་ནི་ཁྱེད་ཀྱི་བྲན་དང་བུ་ཡིན་པས་ན། ཁྱེད་འདིར་བྱོན་ཏེ། བདག་གི་དགྲ་རུ་ལངས་པའི་ཨ་རམ་རྒྱལ་པོ་དང་། ཨིས་ར་ཨེལ་རྒྱལ་པོའི་ལག་པ་ལས་བདག་སྐྱོབ་པར་མཛོད་ཅིག ཅེས་ཞུས་སོ།  ཡང་ཨ་ཧས་ཀྱིས་ཡ་ཧོ་ཝཱའི་མཆོད་ཁང་དང་། རྒྱལ་ཁབ་ཀྱི་གཏེར་མཛོད་དུ་ཡོད་པའི་གསེར་དངུལ་བླངས་ཏེ། ཨ་སུར་རྒྱལ་པོ་ལ་ཞུ་རྟེན་དུ་ཕུལ་པ་དང་།  ཨ་སུར་རྒྱལ་པོས་དེ་ལ་ཉན་ཏེ། ཨ་སུར་རྒྱལ་པོས་ད་མཱ་སེག་ལ་དམག་དྲངས་ཤིང་དེ་བཟུང་ནས། མི་རྣམས་ཀིར་ཡུལ་དུ་བཙོན་དུ་ཁྱེར་ཏེ། རེ་ཙིན་བསད་དོ༎
༡༠ དེ་ནས་རྒྱལ་པོ་ཨ་ཧས་་ད་མཱ་སེག་ཏུ་ཨ་སུར་རྒྱལ་པོ་ཏིག་ལད་པི་ལེ་སེར་དང་འཕྲད་དུ་སོང་སྟེ། ད་མཱ་སེག་ཏུ་ཡོད་པའི་མཆོད་ཁྲི་དེ་མཐོང་བས། རྒྱལ་པོ་ཨ་ཧས་ཀྱིས་མཆོད་ཁྲི་དེའི་བཟོ་དབྱིབས་དང་རི་མོའི་དཔེ་ཞིག་བླ་མ་ཨུ་རི་ཡཱ་ལ་བརྫངས་སོ། ༡༡ བླ་མ་ཨུ་རི་ཡཱས་ནི་རྒྱལ་པོ་ཨ་ཧས་ཀྱིས་ད་མཱ་སེག་ནས་བརྫངས་པའི་དཔེ་དེ་འདྲ་བའི་མཆོད་ཁྲི་ཞིག་བཟོས་ནས། རྒྱལ་པོ་ཨ་ཧས་་ད་མཱ་སེག་ནས་ཕྱིར་ལོག་སླེབ་རིང་བར་དུ་འགྲུབ་ཏུ་བཅུག་གོ། ༡༢ དེ་ནས་རྒྱལ་པོ་ད་མཱ་སེག་ནས་གདན་འཁོར་ཏེ། རྒྱལ་པོས་མཆོད་ཁྲི་དེ་མཐོང་བས། རྒྱལ་པོ་མཆོད་ཁྲི་དེ་དང་ཉེ་བར་སོང་སྟེ། དེའི་ཐོག་ཏུ་མཆོད་པ་ཕུལ་ཏེ། ༡༣ རང་གི་དོན་དུ་སྦྱིན་སྲེག་དང་། ཞལ་ཟས་ཀྱི་མཆོད་པ་ཕུལ་ཏེ། རང་གི་གསེར་སྐྱེམས་བཏང་ནས། རང་གི་ཞི་བདེའི་མཆོད་པ་རྣམས་ཀྱི་ཁྲག་ནི་དེའི་ཁར་གཏོར་རོ། ༡༤ དེས་ཡ་ཧོ་ཝཱའི་དྲུང་དུ་ཡོད་པའི་ར་གན་གྱི་མཆོད་ཁྲི་དེ་ནི་ཕོ་བྲང་གི་མདུན་ལོགས་སམ། མཆོད་ཁྲི་དང་ཡ་ཧོ་ཝཱའི་ཕོ་བྲང་གི་བར་ནས་ཐེན་ཏེ། མཆོད་ཁྲིའི་བྱང་ཕྱོགས་སུ་བཞག་གོ། ༡༥ དེ་ནས་རྒྱལ་པོ་ཨ་ཧས་ཀྱིས་བླ་མ་ཨུ་རི་ཡཱ་ལ་བཀའ་སྩལ་ཞིང་འདི་སྐད་དུ། མཆོད་ཁྲི་ཆེན་པོའི་ཁར་སྔ་དྲོའི་སྦྱིན་སྲེག་གི་མཆོད་པ་དང་། དགོངས་མོའི་ཞལ་ཟས་ཀྱི་མཆོད་པ་དང་། རྒྱལ་པོའི་སྦྱིན་སྲེག་གི་མཆོད་པ་དང་། དེའི་ཞལ་ཟས་ཀྱི་མཆོད་པ་དང་། ཡུལ་མི་ཐམས་ཅད་ཀྱི་སྦྱིན་སྲེག་གི་མཆོད་པ་དང་། དེ་རྣམས་ཀྱི་ཞལ་ཟས་ཀྱི་མཆོད་པ་དང་། གསེར་སྐྱེམས་ཀྱི་མཆོད་པ་རྣམས་བསྲེགས་ནས། སྦྱིན་སྲེག་གི་མཆོད་པའི་ཁྲག་དང་། གཞན་དམར་མཆོད་ཀྱི་ཁྲག་ཐམས་ཅད་ནི་དེ་ཡི་ཁར་ཐོར་ཅིག ཡང་ར་གན་གྱི་མཆོད་ཁྲིའི་ཆེད་དུ་ངས་ཞིབ་དཔྱོད་བྱའོ། ཞེས་སྨྲས་པས། ༡༦ རྒྱལ་པོ་ཨ་ཧས་ཀྱིས་བཀའ་སྩལ་པ་བཞིན་དུ་བླ་མ་ཨུ་རི་ཡཱས་བྱས་པ་དང་།
༡༧ རྒྱལ་པོ་ཨ་ཧས་ཀྱིས་ཁྲི་རྣམས་ཀྱི་ཟུར་རྒྱན་དེ་བཅད་དེ། དེའི་ཐོག་ཏུ་ཡོད་པའི་གཞོང་པ་རྣམས་ཐེན་ཏོ། ཡང་རྒྱ་མཚོ་བྱ་བ་ནི་དེའི་འོག་ན་ཡོད་པའི་ར་གན་གྱི་གླང་རྣམས་ཀྱི་ཁ་ནས་ཕབ་སྟེ། རྡོ་ལེབ་ཀྱི་ཁར་བཞག་གོ། ༡༨ ཤབ་བཱད་ཀྱི་ཕྱིར་དུ་བརྩིགས་པའི་སྐྱོར་བ་དང་། ཕྱི་རོལ་ན་ཡོད་པའི་རྒྱལ་པོའི་འགྲོ་ས་གཉིས་པོ་ནི། ཨ་སུར་རྒྱལ་པོ་ལ་འཇིགས་པས། ཡ་ཧོ་ཝཱའི་མཆོད་ཁང་གི་ནང་དུ་བསྲེས་སོ། ༡༩ ཨ་ཧས་ཀྱི་གཞན་བྱ་བ་རྣམས་དང་། དེས་ཅི་དང་ཅི་བྱས་པ་ཐམས་ཅད་ནི་ཡ་ཧུ་དཱའི་རྒྱལ་པོའི་རྒྱལ་རབས་ཀྱི་མདོ་རུ་བྲིས་ཏེ་མེད་དམ། ༢༠ དེ་ནས་ཨ་ཧས་རང་གི་ཕ་མེས་དང་ལྷན་ཅིག་ཏུ་གཉིད་དུ་སོང་ནས། དཱ་བིད་ཀྱི་གྲོང་ཁྱེར་དུ་ཕ་མེས་ཀྱི་ཁྲོད་དུ་བསྐུངས་ནས། དེའི་སྲས་ཧིས་ཀི་ཡཱ་དེའི་མལ་དུ་རྒྱལ་པོར་གྱུར་ཏོ༎