༡༧
ཡ་ཧུ་དཱའི་རྒྱལ་པོ་ཨ་ཧས་ཀྱི་རྒྱལ་སྲིད་ཀྱི་ལོ་བཅུ་གཉིས་པར། ཨེ་ལཱ་ཡི་སྲས་ཧོ་ཤེ་ཨ་བྱ་བ་ས་མར་ཡཱ་རུ་ཨིས་ར་ཨེལ་གྱི་རྒྱལ་པོར་གྱུར་ནས། ལོ་དགུ་རྒྱལ་སྲིད་བསྐྱངས་སོ།  དེས་ཀྱང་ཡ་ཧོ་ཝཱའི་གཟིགས་ངོར་མི་དགེ་བར་སྤྱད་རུང་། དེ་ལས་སྔོན་དུ་བྱུང་བའི་ཨིས་ར་ཨེལ་གྱི་རྒྱལ་པོ་རྣམས་ལྟ་བུ་རང་མ་བྱས་སོ།  ཨ་སུར་རྒྱལ་པོ་ཤལ་མ་ནེ་སར་གྱིས་དེ་ལ་དམག་དྲངས་པ་དང་། ཧོ་ཤེ་ཨ་དེའི་བྲན་དུ་གྱུར་ནས། དེ་ལ་དཔྱ་ཁྲལ་བཅལ་ཏོ།  དེའི་འོག་ཏུ་ཨ་སུར་གྱི་རྒྱལ་པོས་ཧོ་ཤེ་ཨ་ཡི་ནང་ན་སྐྱོན་བརྙེད་དོ། ཅིའི་ཕྱིར་ཞེ་ན། དེས་མི་སེར་རྒྱལ་པོ་སཱོ་ལ་ཕོ་ཉ་བརྫངས་ཏེ། ཨ་སུར་གྱི་རྒྱལ་པོ་ལ་ལོ་ལྟར་གྱི་དཔྱ་ཁྲལ་མ་ཕུལ་ཏོ། དེའི་ཕྱིར་ཨ་སུར་རྒྱལ་པོས་དེ་ནི་བཟུང་ནས། བཙོན་དུ་བཅུག་གོ།  དེ་ནས་ཨ་སུར་རྒྱལ་པོས་ཡུལ་ཁམས་ཐམས་ཅད་ལ་དམག་དྲངས་ཏེ། ས་མར་ཡཱ་རུ་ཕྱིན་ནས། ལོ་གསུམ་གྱི་རིང་དུ་དེ་ལ་དམག་བསྐོར་བཏང་ངོ་།  ཧོ་ཤེ་ཨས་རྒྱལ་སྲིད་བཟུང་ནས་ལོ་དགུ་པ་ལ། ཨ་སུར་རྒྱལ་པོས་ས་མར་ཡཱ་བླངས་ནས། ཨིས་ར་ཨེལ་པ་རྣམས་ཨ་སུར་དུ་བཙོན་དུ་ཁྱེར་ཏེ། ཆུ་བོ་གོ་ཟན་གྱི་འགྲམ་ན་ཡོད་པའི་ཧ་ལཱ་དང་། ཧ་བོར་དང་། མ་དཱ་ཨི་པའི་གྲོང་ཁྱེར་རྣམས་ཀྱི་ནང་དུ་བཞག་གོ།
 དེ་ཅིའི་ཕྱིར་ཞེ་ན། ཨིས་ར་ཨེལ་གྱི་བུ་བརྒྱུད་ཀྱིས་མི་སེར་ཡུལ་དང་། མི་སེར་རྒྱལ་པོ་ཕར་ཨོ་ཡི་ལག་པ་ལས་ཐར་དུ་བཅུག་པའི་ཡ་ཧོ་ཝཱ་རང་གི་དཀོན་མཆོག་གི་དྲུང་དུ་སྡིག་པ་བྱས་ཏེ། ལྷ་གཞན་རྣམས་ལ་བག་བྱས་པའི་ཕྱིར་རོ།  དེ་མ་ཟད། དེ་རྣམས་ནི། ཡ་ཧོ་ཝཱས་ཨིས་ར་ཨེལ་གྱི་བུ་བརྒྱུད་ཀྱི་མདུན་ལས་བསྐྲད་པར་མཛད་པའི་ཕྱི་པ་རྣམས་ཀྱི་ཁྲིམས་དང་། ཨིས་ར་ཨེལ་གྱི་རྒྱལ་པོ་རྣམས་ཀྱི་ལུགས་སྲོལ་བཞིན་དུ་འགྲུལ་བ་ཡིན།  དེ་ལྟར་ཨིས་ར་ཨེལ་གྱི་བུ་བརྒྱུད་ཀྱིས་ཡ་ཧོ་ཝཱའི་དྲུང་དུ་མི་འོས་པའི་ལས་ཕག་ཏུ་བྱས་ཏེ། སོ་པའི་སྤེའུ་ནས་ལྕགས་རི་དང་ལྡན་པའི་གྲོང་ཁྱེར་གྱི་བར་དུ། རང་གི་གྲོང་ཁྱེར་ཐམས་ཅད་ཀྱི་ནང་དུ་མཐོ་གླིང་རྣམས་བརྩིགས་སོ། ༡༠ རི་མཐོ་མཐོ་ཐམས་ཅད་ཀྱི་རྩེ་མོ་དང་། སྐྱེ་ཤིང་སྔོན་པོ་ཀུན་གྱི་ལྐོག་ཏུ་ཀ་བ་དང་ཨ་ཤེ་རཱ་བཙུགས་སོ། ༡༡ ཡ་ཧོ་ཝཱས་དེ་རྣམས་ཀྱི་དྲུང་ནས་བསྐྲད་པར་མཛད་པའི་ཕྱི་པའི་ལུགས་སྲོལ་དུ་དེ་རྣམས་ཀྱིས་ཀྱང་མཐོ་གླིང་ཐམས་ཅད་ཀྱི་ནང་དུ་བསངས་བཏང་བའི་སྟེང་དུ། ཡ་ཧོ་ཝཱའི་ཐུགས་ཁྲོ་དཀྲུག་པའི་བྱ་བ་ངན་པ་བྱས་སོ། ༡༢ ཡ་ཧོ་ཝཱས་དེ་རྣམས་ལ། ཁྱོད་ཅག་གིས་དེ་འདྲ་མ་བྱེད་ཅིག གསུངས་ཀྱང་། དེ་རྣམས་ཀྱིས་སྐུ་འདྲ་ལ་བརྟེན་ཏོ། ༡༣ དེའི་སྟེང་དུ་ཡ་ཧོ་ཝཱས་ལུང་སྟོན་པ་དང་མངོན་བཤེས་པ་ཐམས་ཅད་ཀྱི་ངང་ནས་ཨིས་ར་ཨེལ་དང་ཡ་ཧུ་དཱ་གཉིས་པོ་ལ་བསླབ་སྟོན་མཛད་ཅིང་འདི་སྐད་དུ། ཁྱོད་རང་གི་ལམ་ངན་པ་རྣམས་སྤོངས་ཤིག ངས་ཁྱོད་རྣམས་ཀྱི་མེས་པོ་ལ་གནང་བའི་ཞལ་གདམས་དང་། ཉིད་ཀྱི་བྲན་པོ་ལུང་སྟོན་པའི་ངང་ནས་ཁྱོད་ཅག་ལ་འཕྲོད་བཅུག་པའི་བཀའ་ཁྲིམས་ཐམས་ཅད་དང་བསྟུན་ནས་ཁོ་བོའི་བཀའ་རྒྱ་དང་སྤྱད་མཚམས་རྣམས་སྲུང་བར་བྱོས་ཤིག ཅེས་གསུངས་མོད། ༡༤ དེ་རྣམས་ཀྱིས་མ་ཉན་པར། ཡ་ཧོ་ཝཱ་རང་གི་དཀོན་མཆོག་ལ་མ་མོས་པར། གཉའ་རེངས་བྱས་པའི་རང་གི་ཕ་མེས་དང་འདྲ་བར། དེ་རྣམས་ཀྱིས་ཀྱང་གཉའ་རེངས་བྱས་སོ། ༡༥ ཡང་ཁོང་གིས་དེ་རྣམས་ཀྱི་ཕ་མེས་པོ་དང་མཛད་པའི་ཞལ་ཆད་དང་བཀའ་ཁྲིམས་དང་། དེ་རྣམས་ལ་དཔང་མཛད་པའི་དཔང་པོ་དང་བཅས་པ་རྣམས་དེ་རྣམས་ཀྱིས་སྤངས་ཏེ། སྙིང་པོ་མེད་པ་ལ་བྲངས་ཏེ། སྙིང་པོ་མེད་པར་གྱུར་ནས། ཡ་ཧོ་ཝཱས་དེ་རྣམས་ལ། ཕྱི་པ་དང་འདྲ་བར་མ་བྱེད་ཅིག་ཅེས་གསུངས་ཀྱང་། དེ་རྣམས་ནི་འཁོར་ན་ཡོད་པའི་ཕྱི་པ་རྣམས་ཀྱི་ཕྱི་བཞིན་འབྲངས་སོ། ༡༦ དེ་ལྟར་དེ་རྣམས་ཀྱིས་ཡ་ཧོ་ཝཱ་རང་གི་དཀོན་མཆོག་གི་བཀའ་རྒྱ་ཐམས་ཅད་བསྐྱུར་ཏེ། རང་གི་ཕྱིར་བླུགས་སྐུའམ་བེའུ་གཉིས་བཟོས། ཨ་ཤེ་རཱ་ཡང་བཙུགས་ནས། གནམ་གྱི་སྐར་ཚོགས་ཐམས་ཅད་ལ་ཕྱག་བཙལ་ཏེ། བ་ཨཱལ་ལ་བརྟེན་ཏོ། ༡༧ ཡང་དེ་རྣམས་ཀྱིས་རང་གི་བུ་དང་བུ་མོ་མེའི་དཀྱིལ་དུ་འགྲོར་བཅུག མོ་བཏབ་སྟེ། རྫུ་འཕྲུལ་བསྟན་ཏེ། ཡ་ཧོ་ཝཱའི་ཐུགས་ཁྲོ་དཀྲུག་པའི་ཕྱིར་དུ་ཁོང་གི་སྤྱན་སྔར་ངན་པ་བྱེད་དུ་རང་བཙོང་བཏང་བ་ཡིན། ༡༨ དེའི་རྐྱེན་གྱིས་ཡ་ཧོ་ཝཱ་ཨིས་ར་ཨེལ་ལ་ཐུགས་རབ་ཏུ་ཁྲོས་ཏེ། ཁོང་ཉིད་ཀྱི་གཟིགས་ངོ་ནས་ཕར་བཏོན་པར་མཛད་པས། ཡ་ཧུ་དཱའི་སྡེ་གཅིག་པོ་མ་གཏོགས་པར་གཞན་གང་ཡང་མ་ལུས་སོ༎
༡༩ ཡང་ཡ་ཧུ་དཱས་ཀྱང་ཡ་ཧོ་ཝཱ་རང་གི་དཀོན་མཆོག་གི་བཀའ་རྣམས་མི་སྲུང་བར། ཨིས་ར་ཨེལ་གྱིས་བྱས་པའི་ལུགས་སྲོལ་བཞིན་དུ་འགྲུལ་ཏོ། ༢༠ དེ་ནས་ཡ་ཧོ་ཝཱས་ཨིས་ར་ཨེལ་གྱི་བུ་བརྒྱུད་ཐམས་ཅད་སྤངས་ནས། མནར་དུ་བཅུག་སྟེ། ཉིད་ཀྱི་གཟིགས་ངོ་ནས་མ་འདོར་བའི་བར་དུ་ཆོམ་པོ་རྣམས་ཀྱི་ལག་ཏུ་བཏད་པར་མཛད་དེ། ༢༡ དཱ་བིད་ཀྱི་གདུང་བརྒྱུད་ལས་ཨིས་ར་ཨེལ་འཕྲལ་བར་མཛད་པ་དང་། དེ་དག་གིས་ནེ་བཱད་ཀྱི་བུ་ཡེ་རོབ་ཨམ་རྒྱལ་པོར་བསྐོས་པས། ཡེ་རོབ་ཨམ་གྱིས་ཨིས་ར་ཨེལ་ཡ་ཧོ་ཝཱ་ལ་འབྲང་དུ་མ་བཅུག་པར། སྡིག་པ་ཆེན་པོ་བྱེད་དུ་བཅུག་གོ། ༢༢ ཡ་ཧོ་ཝཱས་ཉིད་ཀྱི་བྲན་པོ་ལུང་སྟོན་པ་ཐམས་ཅད་ཀྱི་ངག་གི་སྒོ་ནས་གསུངས་པ་བཞིན་དུ། ཨིས་ར་ཨེལ་ཉིད་ཀྱི་ཞལ་ངོ་ནས་མ་འདོར་བའི་བར་དུ། ཨིས་ར་ཨེལ་གྱི་བུ་རྣམས་ཀྱིས་ཡེ་རོབ་ཨམ་གྱིས་བྱས་པའི་སྡིག་པ་ཐམས་ཅད་ལ་སྤྱད་ཅིང་། དེ་དག་ལས་མ་བྱོལ་ཏོ། ༢༣ དེ་ལྟར་ཨིས་ར་ཨེལ་རང་གི་ཡུལ་ནས་ཨ་སུར་དུ་བསྐྱལ་ནས། དེ་རིང་གི་བར་དུ་དེར་གནས་སོ༎
༢༤ དེ་ནས་ཨ་སུར་རྒྱལ་པོས་བཱ་བེལ་དང་། ཀུ་ཐཱ་དང་། ཨ་ཝཱ་དང་། ཧ་མད་དང་། སེ་ཕར་ཝཱ་ཨིམ་གྱི་མི་རྣམས་ཁྱེར་ཏེ། ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་མལ་དུ་ས་མར་ཡཱའི་གྲོང་ཁྱེར་རྣམས་ཀྱི་ནང་དུ་བཞག་པས། དེ་དག་གིས་ས་མར་ཡཱ་ལ་དབང་བྱས་ཏེ། དེའི་གྲོང་ཁྱེར་རྣམས་སུ་གཞིས་ཕབ་བོ། ༢༥ ཡང་དེ་རྣམས་དེར་གནས་པའི་ཐོག་མར། དེ་རྣམས་ཀྱིས་ཡ་ཧོ་ཝཱ་ལ་བག་མ་བྱས་པས། ཡ་ཧོ་ཝཱས་དེ་རྣམས་ཀྱི་ཁྲོད་དུ་སེང་གེ་སྩལ་ནས། དེ་རྣམས་ལས་མི་མང་ཙམ་བསད་དོ། ༢༦ དེར་དེ་རྣམས་ཀྱིས་ཨ་སུར་གྱི་རྒྱལ་པོ་ལ། ཁྱེད་ཀྱིས་ས་མར་ཡཱའི་གྲོང་ཁྱེར་དུ་ཁྲིད་ནས་བཞག་པའི་མི་སྡེ་རྣམས་ཀྱིས་ཡུལ་དེའི་དཀོན་མཆོག་གི་ལུགས་སྲོལ་མི་ཤེས་པས། ཁོང་གིས་དེ་རྣམས་ཀྱི་དཀྱིལ་དུ་སེང་གེ་སྩལ་ཏེ། ཡུལ་དེའི་དཀོན་མཆོག་གི་ལུགས་སྲོལ་མི་ཤེས་པའི་རྐྱེན་གྱིས་མི་དེ་རྣམས་བསད་དོ། ༢༧ ཨ་སུར་རྒྱལ་པོས་བཀའ་གནང་ཞིང་འདི་སྐད་དུ། ཁྱོད་རྣམས་ཀྱིས་ཡུལ་དེ་ནས་འདིར་དྲངས་པའི་བླ་མའི་ཁྲོད་ལས་གཅིག་དེར་གནས་པའི་ཕྱིར་ཁྱེར་ཞིག་དང་། དེ་རྣམས་ལ་ཡུལ་ཁམས་དེའི་དཀོན་མཆོག་གི་ལུགས་སྲོལ་སློབ་ཏུ་ཆུག་ཅིག ཅེས་བསྒོའོ། ༢༨ དེ་ནས་ས་མར་ཡཱ་ནས་ཁྱེར་བའི་བླ་མའི་ཁྲོད་ལས་གཅིག་འོངས་ནས། བེད་ཨེལ་དུ་གཞིས་ཕབ་སྟེ། དེས་དེ་རྣམས་ལ་ཡ་ཧོ་ཝཱ་ལ་བག་བྱེད་ལུགས་བསླབས་སོ༎
༢༩ འོན་ཀྱང་མི་བརྒྱུད་རེ་རེས་རང་ལུགས་ཀྱི་རྟེན་བྱས་ནས། ས་མར་ཡཱ་པས་བརྩིགས་ཡོད་པའི་མཐོ་གླིང་གི་མཆོད་ཁང་རྣམས་ཀྱི་ནང་དུ་བཞག་ནས། མི་བརྒྱུད་རེ་ཡིས་རང་གནས་པའི་གྲོང་ཁྱེར་གྱི་ནང་དུ་དེ་ལྟར་བྱས་སོ། ༣༠ བཱ་བེལ་པས་སུ་ཀོད་བེ་ནོད་བྱ་བ་དང་། ཀུ་ཐཱ་པས་ནེར་གལ་བྱ་བ་དང་། ཧ་མད་པས་ཨ་ཤི་མཱ་བྱ་བ་དང་། ༣༡ ཨ་ཝཱ་པས་ནིབ་ཧས་དང་ཏར་ཏག་བྱ་བ་རྣམས་བཟོས་ཏེ། སེ་ཕར་ཝཱ་ཨིམ་པས་སེ་ཕར་ཝཱ་ཨིམ་གྱི་ལྷ་ཨ་དྲམ་མེ་ལེག་དང་ཨ་ནམ་མེ་ལེག་བྱ་བ་གཉིས་པོའི་ཆེད་དུ། རང་གི་བུ་རྣམས་བསྲེགས་པ་ཡིན། ༣༢ དེ་རྣམས་ཡ་ཧོ་ཝཱ་ལ་ཡང་འཇིགས་ཀྱིན། དེ་དག་རང་གི་ཁྲོད་ལས་མི་འགའ་ཞིག་མཐོ་གླིང་གི་བླ་མར་བསྐོས་ནས། དེ་དག་གིས་ཡུལ་པའི་དོན་དུ་མཐོ་གླིང་གི་ལྷ་ཁང་གི་ནང་དུ་མཆོད་པ་ཕུལ་ཏོ། ༣༣ དེ་ལྟར་དེ་རྣམས་ཡ་ཧོ་ཝཱ་ལ་ཡང་འཇིགས་ཀྱིན། དེ་དག་རང་གང་ཡུལ་ནས་བཟུང་ཁྱེར་བའི་རང་ཡུལ་གྱི་ལུགས་སུ་རང་གི་ལྷ་རྣམས་ལ་ཡང་བརྟེན་པ་ཡིན།
༣༤ དེ་ལྟར་དེ་རྣམས་ཀྱིས་དེ་རིང་གི་ཉིན་མོའི་བར་དུའང་སྔར་ཁྲིམས་ལྟར་བྱེད་ཅིང་། ཡ་ཧོ་ཝཱ་ལ་ཡང་མི་འཇིགས། རང་གི་སྤྱད་མཚམས་དང་ཚུལ་ཁྲིམས་རྣམས་ཀྱང་མི་སྲུང་ཞིང་། ཡ་ཧོ་ཝཱས་ཨིས་ར་ཨེལ་ཞེས་བཏགས་པའི་ཡ་ཀོབ་ཀྱི་བུ་བརྒྱུད་ལ་གནང་བའི་བཀའ་བརྒྱའི་བཀའ་ཁྲིམས་རྣམས་ཀྱང་མི་སྲུང་ངོ་། ༣༥ ཡ་ཧོ་ཝཱས་དེ་རྣམས་ལ་ཞལ་ཆད་མཛད་དེ། ནན་ཏན་མཛད་ཅིང་འདི་སྐད་དུ། ཁྱོད་ཅག་གཞན་ལྷ་ལ་མ་འཇིགས་ཤིག དེ་དག་ལ་ཕྱག་ཀྱང་མ་ཚལ། མཆོད་པ་ཡང་མ་ཕུལ་བར། ༣༦ རང་ཉིད་ཀྱི་མཐུ་སྟོབས་ཆེན་པོ་དང་། བརྐྱངས་ཡོད་པའི་ཕྱག་གི་སྒོ་ནས་ཁྱོད་ཅག་མི་སེར་ཡུལ་ནས་ཕྱུང་བའི་ཡ་ཧོ་ཝཱ་ལ་བག་གྱིས་ཤིག ཁོང་ལ་ཕྱག་དང་མཆོད་པ་ཕུལ་ཞིག ༣༧ ཁོང་གིས་ཁྱོད་རྣམས་ཀྱི་དོན་དུ་ཡི་གེར་བཀོད་པའི་ཚུལ་ཁྲིམས་དང་། སྤྱད་མཚམས་དང་། བཀའ་ཁྲིམས་དང་། བཀའ་རྒྱ་དེ་རྣམས་སྒྲུབ་ཏུ་སྲུང་བར་གྱིས་ཤིག་དང་། གཞན་ལྷ་རྣམས་ལ་མ་འཇིགས་ཤིག ༣༨ ཡང་ངས་ཁྱོད་ཅག་དང་བྱས་པའི་ཞལ་ཆད་དེ་མ་བརྗེད་པར། གཞན་ལྷ་ལ་མ་འཚབས་ཤིག ༣༩ འོན་ཀྱང་ཡ་ཧོ་ཝཱ་རང་གི་དཀོན་མཆོག་ལ་བག་གྱིས་ལ། ཁོང་གིས་ཁྱོད་ཅག་རང་གི་དགྲ་བོ་ཐམས་ཅད་ཀྱི་ལག་པ་ལས་སྐྱོབ་པར་འགྱུར་རོ། ཞེས་གསུངས་མོད། ༤༠ དེ་རྣམས་མ་ཉན་པར། སྔར་ཁྲིམས་ལྟར་བྱས་ཏེ། ༤༡ མི་རིགས་འདི་དག་རང་དང་། དེ་རྣམས་ཀྱི་ཕྲུ་གུ་དང་། ཕྲུ་གུའི་ཕྲུ་གུས། ཡ་ཧོ་ཝཱ་ལ་ཡང་འཇིགས་ཤིང་། བརྐོས་པའི་སྐུ་འདྲ་ལ་ཡང་བརྟེན་ཏེ། དེ་རྣམས་ཀྱི་མེས་པོས་བྱས་པ་ལྟར། དེ་རིང་གི་བར་དུ་ཡང་དེ་རྣམས་ཀྱིས་བྱེད་དོ༎