༡༨
ཨིས་ར་ཨེལ་གྱི་རྒྱལ་པོ་ཨེ་ལཱ་ཡི་སྲས་ཧོ་ཤེ་ཨས་རྒྱལ་སྲིད་བསྐྱངས་པའི་ལོ་གསུམ་པར། ཡ་ཧུ་དཱའི་རྒྱལ་པོ་ཨ་ཧས་ཀྱི་སྲས་ཧིས་ཀི་ཡཱ་རྒྱལ་པོར་གྱུར་ཏེ། ༢ དེས་རྒྱལ་སྲིད་བཟུང་བའི་ཚེ། ལོ་ཉེར་ལྔ་ལོན་པ་དང་། ལོ་ཉེར་དགུ་ཡེ་རུ་ཤ་ལེམ་གྱི་ནང་དུ་རྒྱལ་སྲིད་མཛད་དོ། ཟ་ཀར་ཡཱའི་སྲས་མོ་ཨ་བཱི་བྱ་བ་ནི་དེའི་ཡུམ་མོ། ༣ དེས་རང་གི་ཡབ་མེས་དཱ་བིད་ཀྱིས་མཛད་པ་ཁོ་ན་བཞིན་དུ་ཡ་ཧོ་ཝཱའི་གཟིགས་ངོར་རིགས་པ་བཞིན་དུ་སྤྱད་དེ། ༤ མཐོ་གླིང་རྣམས་བརློགས། སྐུ་འདྲ་རྣམས་བཅག ཨ་ཤི་རཱ་རྣམས་བཅད། མོ་ཤེས་བཟོས་པའི་ར་གན་གྱི་སྦྲུལ་དེ་དུམ་བུར་བཅག་གོ། ཅི་ལ་ཞེ་ན། ཨིས་ར་ཨེལ་གྱི་བུ་བརྒྱུད་ཀྱིས་དུས་དེ་ཙམ་གྱི་བར་དུ་དེ་ལ་བསངས་བཏང་བ་ཡིན། ཡང་དེའི་མིང་ལ་ར་གན་གྱི་དུམ་བུའམ་ནེ་ཧུས་ཏཱན་ཞེས་བཏགས་སོ། ༥ དེས་ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་ལ་བློ་བཏད་པས། དེ་ལྟ་བུ་ཞིག་རྗེས་སུ་ཡ་ཧུ་དཱའི་རྒྱལ་པོ་ཐམས་ཅད་ཀྱི་ནང་ན་གཅིག་ཀྱང་མ་བྱུང་། དེ་ལས་གོང་དུ་ལའང་མ་བྱུང་ངོ་། ༦ དེ་ནི་ཡ་ཧོ་ཝཱ་ལ་འབྱར་བཞིན་བསྡད་པ་དང་། ཁོང་གི་ཕྱི་བཞིན་དུ་འབྲང་བ་ལས་མ་བྱོལ་ཏེ། མོ་ཤེ་ལ་གནང་བའི་བཀའ་རྒྱ་ཐམས་ཅད་བསྲུངས་སོ། ༧ ཡ་ཧོ་ཝཱ་དེ་དང་འགྲོགས་པས། འགྲོ་ས་ཐམས་ཅད་དུ་གོ་ཆོད་དེ། ཨ་སུར་རྒྱལ་པོ་ལ་ངོ་ལོག་བྱས་ནས། དེའི་གཡོག་མ་བྱས་སོ། ༨ ཡང་དེས་ཕེ་ལེ་ཤེད་པའི་ག་ཟཱ་དང་། དེའི་ས་ཚིག་རྣམས་ཀྱི་བར་དུའམ། སོ་པའི་སྦེའུ་ནས་བཟུང་སྟེ་གྲོང་ཁྱེར་བཙན་པོའི་བར་དུ་ཡུལ་ཐམས་ཅད་བཅོམ་མོ༎༩ ཨིས་ར་ཨེལ་གྱི་རྒྱལ་པོ་ཨེ་ལཱ་ཡི་སྲས་ཧོ་ཤེ་ཨས་རྒྱལ་སྲིད་བཟུང་ནས་ལོ་བདུན་པའམ། རྒྱལ་པོ་ཧིས་ཀི་ཡཱ་ཡི་རྒྱལ་སྲིད་ཀྱི་ལོ་བཞི་པའི་ནང་དུ། ཨ་སུར་རྒྱལ་པོ་ཤལ་མ་ནེ་སར་གྱིས་ས་མར་ཡཱ་རུ་དམག་དྲངས་ནས། དམག་སྐོར་བཏང་སྟེ། ༡༠ ལོ་གསུམ་གྱི་མཐར་དེ་བཟུང་ངོ་། ཡང་ཧིས་ཀི་ཡཱས་རྒྱལ་སྲིད་བཟུང་ནས་ལོ་དྲུག་པའམ། ཨིས་ར་ཨེལ་གྱི་རྒྱལ་པོ་ཧོ་ཤེ་ཨ་ཡི་རྒྱལ་སྲིད་ཀྱི་ལོ་དགུ་པར། ས་མར་ཡཱ་བཅག་སྟེ། ༡༡ ཨ་སུར་རྒྱལ་པོས་ཨིས་ར་ཨེལ་བཟུང་ནས། ཨ་སུར་ཡུལ་དུ་ཁྱེར་ཏེ། གོ་ཟན་བྱ་བའི་གཙང་པོའི་འགྲམ་དུ་ཧ་ལཱ་དང་། ཧ་བོར་དང་། མ་དཱ་ཨི་པའི་གྲོང་ཁྱེར་སོ་སོའི་ནང་དུ་བཞག་གོ། ༡༢ དེའི་རྒྱུ་རྐྱེན་ནི། དེ་རྣམས་ཀྱིས་ཡ་ཧོ་ཝཱ་རང་གི་དཀོན་མཆོག་གི་གསུང་ལ་མ་ཉན་པར། ཁོང་གི་ཞལ་ཆད་དང་། ཡ་ཧོ་ཝཱའི་བྲན་པོ་མོ་ཤེས་བསྒོ་བ་ཐམས་ཅད་ལས་འགལ་ཏེ། དེ་ལ་རྣ་བ་ཡང་མ་བཏད་པར། དེ་བཞིན་དུ་ཡང་མ་བྱས་པའི་ཕྱིར་རོ༎
༡༣ ཡང་རྒྱལ་པོ་ཧིས་ཀི་ཡཱས་རྒྱལ་སྲིད་བཟུང་ནས་ལོ་བཅུ་བཞི་པར། ཨ་སུར་རྒྱལ་པོ་སེན་ན་ཁེ་རིབ་ཀྱིས་ཡ་ཧུ་དཱའི་གྲོང་ཁྱེར་བཙན་པོ་ཐམས་ཅད་ལ་དམག་དྲངས་ནས། བླངས་པས། ༡༤ ཡ་ཧུ་དཱའི་རྒྱལ་པོ་ཧིས་ཀི་ཡཱས་ལཱ་ཁིས་བྱ་བར་ཨ་སུར་རྒྱལ་པོ་ལ་ཕོ་ཉ་བཏང་སྟེ་དེ་ལ། བདག་གིས་འགལ་སྐྱོན་བྱས་ཀྱང་། ད་བདག་གི་ཕྱོགས་ལས་ཕྱིར་ལོག་ཕེབས་ཤིག ཡང་ཁྱེད་ཀྱིས་བདག་ལ་ཅི་དང་ཅི་འགེལ་ཡང་། འཁུར་ངེས་ཡིན། ཞེས་ཞུས་པས། ཨ་སུར་རྒྱལ་པོས་ཡ་ཧུ་དཱའི་རྒྱལ་པོ་ཧིས་ཀི་ཡཱ་ལ་དངུལ་གྱི་རྡོ་ཚད་སུམ་བརྒྱ་དང་གསེར་གྱི་རྡོ་ཚད་སུམ་ཅུ་བཀལ་ཏོ། ༡༥ ཧིས་ཀི་ཡཱས་ཡ་ཧོ་ཝཱའི་ཕོ་བྲང་དང་། རྒྱལ་པོའི་ཁབ་ཀྱི་དཀོར་མཛོད་རྣམས་ནས་དངུལ་ཐམས་ཅད་དེ་ལ་བྱིན་ཏོ། ༡༦ དེའི་དུས་སུ་ཧིས་ཀི་ཡཱས་ནི་སྔོན་ཡ་ཧུ་དཱའི་རྒྱལ་པོ་ཧིས་ཀི་ཡཱས་ཡ་ཧོ་ཝཱའི་མཆོད་ཁང་གི་སྒོ་མོ་དང་ཀ་བ་རྣམས་ལ་བཏུམ་པའི་གསེར་དེ་བཀོག་ནས། ཨ་སུར་རྒྱལ་པོ་ལ་ཕུལ་ཏོ། ༡༧ དེ་ནས་ཨ་སུར་གྱི་རྒྱལ་པོས་ལཱ་ཁིས་ནས་ཏར་ཏན་དང་། རབ་སཱ་རིས་དང་། རབ་ཤཱ་ཀེ་གསུམ་པོ་དམག་དཔུང་ཆེ་བ་ཞིག་དང་བཅས་ཡེ་རུ་ཤ་ལེམ་དུ་རྒྱལ་པོ་ཧིས་ཀི་ཡཱ་ཡི་དྲུང་དུ་བརྫངས་ཏེ། དེ་དག་དེར་ཕྱིན་པ་དང་། ཡེ་རུ་ཤ་ལེམ་དུ་བསླེབས་ནས། གོས་འཁྲུད་མཁན་གྱི་ཞིང་ཁའི་ལམ་ན་ཡོད་པའི་རྫིང་གོང་མའི་ཁྲི་ཡུར་གྱི་མདུན་དུ་ལངས་བསྡད་དོ། ༡༨ དེར་དེ་དག་གིས་རྒྱལ་པོ་ལ་སྐད་རྒྱབ་པའི་ཚེ། ཁབ་ཀྱི་ནང་བློན་ཡིན་པའི་ཧིལ་ཀི་ཡཱ་ཡི་བུ་ཨེལ་ཡཱ་ཀིམ་དང་། ཡིག་མཁན་ཤེབ་ནཱ་དང་། ཨ་སབ་ཀྱི་བུ་ཡོ་ཨ་བཀའ་བློན་ཡིན་པ་གསུམ་པོ་དེ་དག་གི་མདུན་དུ་ཕྱི་རོལ་དུ་འོངས་པ་དང་།
༡༩ རབ་ཤཱ་ཀེས་དེ་དག་ལ། ད་ཁྱོད་ཅག་སོང་སྟེ། ཧིས་ཀི་ཡཱ་ལ་སྦྲོན་ཅིག རྒྱལ་པོ་ཆེན་པོ་ཨ་སུར་རྒྱལ་པོས་འདི་སྐད་གསུངས། ཁྱོད་ཀྱི་བློ་གདེང་བྱེད་རྒྱུའི་བློ་གཏད་བཅོལ་ས་དེ་ཅི་ཡིན། ༢༠ གཡུལ་འགྱེད་པ་ལ་ང་ལ་བྱུས་དང་སྟོབས་ཡོད་དོ། ཞེས་ཁྱོད་ཀྱིས་ཟེར་བ་དེ་ནི་ཁ་ལྤགས་ཀྱི་ཚིག་ཙམ་སྟེ། ད་ཁྱོད་ཀྱིས་ང་ལ་ངོ་ལོག་བྱས་པས་ན། བློ་གཏད་སུ་ལ་གཏོད་པར་བྱེད། ༢༡ ད་ལྟོས་ཤིག རྐང་གདགས་སུ་བཏང་བའི་མི་སེར་འདམ་བུའི་དབྱུག་པ་དེ་ལ་བཅོལ་བས་ན། དེ་ལ་སུས་རྟེན་ན། དེ་ཁོའི་ལག་ཏུ་ཟག་ཅིང་འབུག་པར་བྱའོ། མི་སེར་རྒྱལ་པོ་ཕར་ཨོས་རང་ལ་བློ་གཏད་བཅོལ་མཁན་ཐམས་ཅད་ལ་དེ་བཞིན་དུ་བྱེད་དོ། ༢༢ ཡང་ཇི་སྟེ་ཁྱོད་ཀྱིས། ང་རྣམས་ཀྱིས་ཡ་ཧོ་ཝཱ་རང་གི་དཀོན་མཆོག་ལ་བློ་གཏད་བྱེད་དོ་ཞེས་ང་ལ་ཟེར་ན། ཁོང་གི་མཐོ་གླིང་དང་མཆོད་ཁྲི་རྣམས་ཧིས་ཀི་ཡཱས་མ་བཤིག་གམ། དེས་ཡ་ཧུ་དཱ་དང་ཡེ་རུ་ཤ་ལེམ་ལ། ཁྱོད་ཅག་གིས་ཡེ་རུ་ཤ་ལེམ་གྱི་མཆོད་ཁྲི་འདིའི་དྲུང་དུ་རིམ་གྲོ་བྱེད་དགོས། ཞེས་བསྒོ་བ་མ་ཡིན་ནམ། ༢༣ ད་དེའི་ཕྱིར་ངའི་ཇོ་བོ་ཨ་སུར་རྒྱལ་པོ་དང་ཆད་བྱོས་ཤིག ཇི་སྟེ་ཁྱོད་ཀྱིས་ཞོན་མཁན་སྐྱོན་པར་ནུས་ན། ངས་ཁྱོད་ལ་རྟ་སྟོང་ཕྲག་གཉིས་སྟེར་བར་བྱ། ༢༤ ཤིང་རྟ་དང་རྟ་དམག་པ་རྣམས་ཀྱི་ཕྱིར་མི་སེར་རྒྱལ་པོ་ལ་རེ་བ་བྱེད་ཅིང་། ཁྱོད་ཀྱིས་ངའི་ཇོ་བོའི་འཁོར་གཡོག་ཆུང་ཤོས་ཀྱི་ནང་ནས་ཡིན་པའི་དམག་དཔོན་གཅིག་གི་ངོ་གདོང་དེ་ཡང་ཇི་ལྟར་ཟློག་པར་ནུས། ༢༥ བདག་ལ་ཡ་ཧོ་ཝཱའི་དགོངས་པ་མེད་པར་ས་ཆ་འདི་འཇིག་པར་བྱེད་དུ་འོངས་པ་ཡིན་ནམ། ཡ་ཧོ་ཝཱས་བདག་ལ། ཡུལ་འདིར་དམག་དྲངས་ཏེ། མེད་པར་བྱོས་ཤིག ཅེས་བཀའ་གནང་བྱུང་། ཞེས་ཟེར་བ་དང་།
༢༦ ཧིལ་ཀི་ཡཱ་ཡི་བུ་ཨེལ་ཡཱ་ཀིམ་དང་། ཤེབ་ནཱ་དང་། ཡོ་ཨ་གསུམ་པོས་རབ་ཤཱ་ཀེ་ལ། ཁྱེད་ཀྱི་བྲན་བདག་ཅག་ལ་ཨ་རམ་སྐད་དུ་གསུང་རོགས་མཛོད། བདག་ཅག་གིས་དེ་གོའོ། ལྕགས་རིའི་ཁར་ཡོད་པའི་མི་རྣམས་ཀྱི་མདུན་དུ་ཡ་ཧུ་དཱའི་སྐད་དུ་གསུང་བར་མ་མཛད། ཅེས་ཞུས་མོད། ༢༧ རབ་ཤཱ་ཀེས་དེ་དག་ལ། ངའི་ཇོ་བོས་ཁྱོད་ཅག་གི་ཇོ་བོ་དང་ཁྱོད་ཚོ་ལ་གཏམ་འདི་རྣམས་ཟེར་བ་ལ་ང་འདིར་བཏང་བ་མ་ཡིན་ནམ། ཁོང་གིས་ང་ནི་ལྕགས་རིའི་ཁར་སྡོད་པའི་མི་རྣམས་ཀྱི་རྩར་ཡང་བཏང་བ་མ་ཡིན་ནམ། གང་ལ་ཞེ་ན། ཁྱོད་ཅག་དང་བཅས་སུ་དེ་དག་གིས་རང་གི་རྐྱག་པ་ཟ་བ་དང་། རང་གི་གཅིན་འཐུང་བར་འགྱུར་རོ། ཞེས་སྨྲས་ནས། ༢༨ རབ་ཤཱ་ཀེ་ལངས་པ་དང་། སྐད་ཆེན་པོས་ཡ་ཧུ་དཱ་སྐད་དུ། རྒྱལ་པོ་ཆེན་པོ་ཨ་སུར་རྒྱལ་པོའི་བཀའ་ལ་ཉོན། ༢༩ རྒྱལ་པོས་འདི་སྐད་གསུང་། ཧིས་ཀི་ཡཱས་ཁྱོད་རྣམས་ངའི་ལག་ནས་ཐར་བར་བྱེད་མི་ནུས་པས། དེས་ཁྱོད་རྣམས་ལ་མགོ་སྐོར་གཏོང་དུ་མ་ཆུག་ཅིག ༣༠ ཡང་ཧིས་ཀི་ཡཱས། ཡ་ཧོ་ཝཱས་ངེད་རྣམས་ངེས་པར་སྐྱོབ་ཅིང་། གྲོང་ཁྱེར་འདི་ཨ་སུར་པའི་ལག་ཏུ་གཏོད་པར་མི་མཛད་སྨྲ་ཞིང་། ཡ་ཧོ་ཝཱ་ལ་བློ་གདེང་བྱེད་པའི་སྐོར་ལ་དེ་ལ་མ་ཉན་ཅིག ༣༡ ཧིས་ཀི་ཡཱ་ལ་མ་ཉན་ཅིག ཨ་སུར་རྒྱལ་པོས་འདི་སྐད་གསུང་། ང་ལ་ཞུ་རྟེན་འབུལ་ཞིང་འཆིང་ཡིག་བྱོས་ཤིག དེ་ནས་ཐོན་ཏེ་ངའི་དྲུང་དུ་ཤོག་ཅིག་དང་། ཁྱོད་རེ་རེ་རྒུན་ཤིང་དང་། སེ་ཡབ་ཤིང་གི་འབྲས་བུ་ལས་ཟ་ཞིང་། རང་གི་ཁྲོན་པའི་ཆུ་ལས་འཐུང་བར་འགྱུར། ༣༢ རྗེས་སུ་ང་འོང་སྟེ། ཁྱོད་རྣམས་གསོན་པོར་ལུས་ཤིང་མི་འཆི་བའི་དོན་དུ། ཁྱོད་རང་གི་ཡུལ་ཁམས་ལྟ་བུའི་ཡུལ་ཁམས། འབྲུ་དང་རྒུན་ཆང་གི་ཡུལ། བག་ལེབ་དང་རྒུན་ཚལ་གྱི་ཡུལ། ཁ་སྐྱུར་པོའི་འབྲུ་མར་དང་སྦྲང་ཙི་དང་ལྡན་པའི་ཡུལ་ཞིག་གི་ནང་དུ་འཁྲིད་པར་བྱའོ། དེ་བས་ན། ཡ་ཧོ་ཝཱས་ངེད་རྣམས་སྐྱོབ་པར་འགྱུར་རོ་ཞེས་ཧིས་ཀི་ཡཱས་ཟེར་དུས་སུ། དེ་ལ་མ་ཉན་ཅིག ༣༣ མི་སྡེ་སོ་སོའི་ལྷའི་ནང་ནས་སུས་ཀྱང་རང་གི་ཡུལ་ཨ་སུར་རྒྱལ་པོའི་ཕྱག་ལས་བསྒྲལ་ཏམ། ༣༤ ཧ་མད་དང་ཨར་ཕད་ཀྱི་ལྷ་རྣམས་ག་རེ། ཡང་སེ་ཕར་ཝཱ་ཨིམ་དང་ཧེ་ནཱ་དང་ཨི་ཝཱའི་ལྷ་རྣམས་ག་རེ། དེ་དག་གིས་ངའི་ལག་པ་ལས་ས་མར་ཡཱ་བསྒྲལ་བར་མ་བྱས་སམ། ༣༥ ཡུལ་སོ་སོའི་ལྷ་མཐའ་དག་གི་ནང་ནས་ལྷ་གང་གིས་རང་གི་ཡུལ་ངའི་ལག་པ་ལས་བསྒྲལ་བ་ཡིན། དེ་ནས་ཡ་ཧོ་ཝཱས་ཀྱང་ངའི་ལག་པ་ལས་ཡེ་རུ་ཤ་ལེམ་ཇི་ལྟར་སྐྱོབ་པར་ནུས། ཞེས་སྨྲས་ནས།
༣༦ རྒྱལ་པོས། འདི་དག་ལ་ཚིག་གཅིག་ཙམ་ཡང་ལན་དུ་མ་ཟེར་ཞིག སྨྲས་ཤིང་བཀའ་གནང་ཡོད་པས། མི་དེ་རྣམས་ཁ་རོག་ཅིང་། ཚིག་གཅིག་ཀྱང་ལན་དུ་མ་སྨྲས་སོ། ༣༧ དེ་ནས་རྒྱལ་ཁབ་ཀྱི་ནང་བློན་ཡིན་པའི་ཧིལ་ཀི་ཡཱ་ཡི་བུ་ཨེལ་ཡཱ་ཀིམ་དང་། ཡིག་མཁན་ཤེབ་ནཱ་དང་། ཨ་སབ་ཀྱི་བུ་ཡོ་ཨ་བཀའ་བློན་ཡིན་པ་གསུམ་པོས་རེ་རང་གི་གོས་བཤགས་ནས། ཧིས་ཀི་ཡཱ་ཡི་དྲུང་དུ་འོངས་ནས། རབ་ཤཱ་ཀེའི་གཏམ་བསྙད་པར་བྱས་སོ༎