༡༩
དེ་ནས་ཧིས་ཀི་ཡཱས་དེ་ཐོས་པར་ཙམ་གྱིས་རང་གི་ན་བཟའ་བཤགས་ནས། རྩྭ་ཕད་ཀྱིས་གཡོགས་ཏེ། ཡ་ཧོ་ཝཱའི་མཆོད་ཁང་དུ་ཆས་པ་དང་། ༢ རྒྱལ་ཁབ་ཀྱི་ནང་བློན་ཨེལ་ཡཱ་ཀིམ་དང་། ཡིག་མཁན་ཤེབ་ནཱ་དང་། བླ་མ་རྣམས་ཀྱི་དབུ་ཆོས་དག་རྩྭ་ཕད་ཀྱིས་གཡོགས་ནས། ཨ་མོས་ཀྱི་བུ་ལུང་སྟོན་པ་ཡེ་ཤ་ཡཱའི་དྲུང་དུ་མངགས་སོ། ༣ དེ་དག་གིས་དེ་ལ། ཧིས་ཀི་ཡཱས་འདི་ན་རེ། དེ་རིང་གི་ཉིན་མོ་ནི་སྡུག་བསྔལ་མཐོང་བ་དང་། ཀླན་ཀ་དང་། སྐུར་པའི་ཉིན་མོ་དེ་ཡིན། དེ་ཅིའི་ཕྱིར་ཞེ་ན། བུ་བཙའ་དུས་ལ་བབས་མོད། བཙའ་བའི་སྟོབས་དང་བྲལ་བས། ༤ ཁྱེད་ཀྱི་དཀོན་མཆོག་ཡ་ཧོ་ཝཱས་རབ་ཤཱ་ཀེའི་ཚིག་རྣམས་གསན་ཡོད་འགྲོ། དེའི་ཇོ་བོ་ཨ་སུར་རྒྱལ་པོས་མི་དེ་ནི་གསོན་པོའི་དཀོན་མཆོག་ལ་སྐུར་བ་འདེབས་པའི་དོན་དུ་འདིར་མངགས་སོ། དེས་ན་ཁྱེད་ཀྱི་དཀོན་མཆོག་ཡ་ཧོ་ཝཱས་གསན་པའི་ཚིག་རྣམས་ཀྱི་སྒོ་ནས་སྙད་འཛུག་པར་བྱའོ། དེའི་ཕྱིར་ཁྱེད་ཀྱིས་ལུས་ཡོད་པའི་ལྷག་མ་དེའི་དོན་དུ་གསོལ་བ་ཐོབ་ཅིག ཅེས་སྦྲན་ཏོ། ༥ དེ་ནས་ཧིས་ཀི་ཡཱའི་དྲུང་འཁོར་རྣམས་ཡེ་ཤ་ཡཱའི་དྲུང་དུ་བསླེབས་ནས། ༦ ཡེ་ཤ་ཡཱས་དེ་དག་ལ། ཁྱོད་ཅག་གི་ཇོ་བོ་ལ་འདི་སྐད་སྦྲོན་ཅིག ཡ་ཧོ་ཝཱས་འདི་སྐད་དུ། ཨ་སུར་གྱི་རྒྱལ་པོའི་བྲན་གཡོག་རྣམས་ཀྱིས་ང་ལ་སྐུར་པ་བཏབ་པའི་གཏམ་ཁྱོད་ཀྱིས་ཐོས་པ་དེ་ལ་མ་འཇིགས་ཤིག ༧ ལྟོས་ཤིག ངས་དེ་ལ་གདོན་གྱིས་གདོན་དུ་གཞུག ཡང་དེས་སྐད་ཆ་ཞིག་ཐོས་ནས། རང་ཡུལ་དུ་ལོག་འགྲོ་བར་འགྱུར། ཡང་ངས་ཁོ་རང་གི་ཡུལ་དུ་རལ་གྲིས་བསད་དོ། ཞེས་གསུང་ངོ་བྱས་སོ༎༨ ཡང་རབ་ཤཱ་ཀེ་ལོག་ནས། ཨ་སུར་རྒྱལ་པོ་དེ་ལིབ་ནཱ་དང་དམག་འཐབ་ཀྱིན་ཡོད་པ་དང་ཕྲད་དོ། གང་ལ་ཞེ་ན། དེས་ཁོ་ནི་ལཱ་ཁིས་ནས་ཆས་ཟིན་པར་ཐོས་པ་ཡིན་ནོ། ༩ ཡང་དེས། ལྟོས་ཤིག ཀུས་ཀྱི་རྒྱལ་པོ་ཏིར་ཧ་ཀཱ་ཁྱེད་ལ་དམག་འཐབ་ཏུ་འོང་ངོ་ཞེས་ཐོས་དུས་སུ། ཁོས་ཧིས་ཀི་ཡཱ་ལ་བང་ཆེན་བཏང་ནས་དེ་ལ། ༡༠ ཡ་ཧུ་དཱའི་རྒྱལ་པོ་ཧིས་ཀི་ཡཱ་ལ་འདི་སྐད་སྦྲོན་ཅིག ཡེ་རུ་ཤ་ལེམ་ནི་ཨ་སུར་རྒྱལ་པོའི་ལག་ཏུ་མི་སླེབ་ཟེར་ཞིང་། ཁྱོད་ཀྱིས་བློ་བཏད་པའི་དཀོན་མཆོག་གིས་ཁྱོད་སླུ་བར་མ་གྱུར་ཅིག ༡༡ ལྟོས་ཤིག ཨ་སུར་གྱི་རྒྱལ་པོ་རྣམས་ཀྱིས་ཡུལ་ཡོད་དོ་ཅོག་ལ་ཅི་དང་ཅི་བྱས་ཟེར་ན། དེ་ཐམས་ཅད་རྩད་ནས་མེད་པར་བྱས་པ་ནི་ཁྱོད་ཀྱིས་ཐོས་པས། ད་ཁྱོད་རང་ཇི་ལྟར་ཐར་བར་ནུས། ༡༢ ངའི་ཡབ་མེས་ཀྱིས་ཚར་དུ་བཅད་པའི་གོ་ཟན་དང་། ཧ་རན་དང་། རེ་ཙེབ་དང་། ཏེ་ལས་སར་ན་ཡོད་པའི་ཨེ་དེན་གྱི་བུ་བརྒྱུད་དང་བཅས་པའི་མི་བརྒྱུད་སོ་སོའི་ལྷ་རྣམས་ཀྱིས་དེ་དག་སྐྱོབ་པར་བྱས་སམ། ༡༣ ཧ་མད་ཀྱི་རྒྱལ་པོ་དང་། ཨར་ཕད་ཀྱི་རྒྱལ་པོ་དང་། སེ་ཕར་ཝཱ་ཨིམ་དང་། ཧེ་ནཱ་དང་། ཨི་ཝཱ་གྲོང་ཁྱེར་གསུམ་པོའི་རྒྱལ་པོ་རྣམས་ག་ན་འདུག ཅེས་སྨྲས་སོ༎
༡༤ དེར་ཧིས་ཀི་ཡཱས་བང་ཆེན་གྱི་ལག་པ་ནས་ཡི་གེ་དེ་བརྙེས་ནས་བཀླགས་ཏེ། ཧིས་ཀི་ཡཱ་ཡར་ཡ་ཧོ་ཝཱའི་ཕོ་བྲང་དུ་སོང་ནས། ཡ་ཧོ་ཝཱའི་སྤྱན་སྔར་ཡི་གེ་དེ་ཕྱེས་ནས་བཞག་སྟེ། ༡༥ ཧིས་ཀི་ཡཱས་ཡ་ཧོ་ཝཱའི་དྲུང་དུ་གསོལ་བ་འདེབས་ཤིང་། ཀྱེ་ཡ་ཧོ་ཝཱ། ཨིས་ར་ཨེལ་གྱི་དཀོན་མཆོག ཁྱེད་ཀེ་རུབ་རྣམས་ཀྱི་དབུས་སུ་བཞུགས་པ་ལགས། ཁྱེད་གཅིག་འབའ་ཞིག་ས་གཞིའི་རྒྱལ་ཁམས་ཐམས་ཅད་ཀྱི་དཀོན་མཆོག་ལགས། ཁྱེད་ཀྱིས་གནམ་ས་གཉིས་བཀོད་པ་ཡིན། ༡༦ ཁྱེད་ཀྱི་སྙན་བཏད་ནས་གསན་དུ་གསོལ། ཀྱེ་ཡ་ཧོ་ཝཱ། སྤྱན་ཕྱེས་ནས་གཟིགས་པར་མཛོད། སེན་ན་ཁེ་རིབ་ཀྱིས་གསོན་པོའི་དཀོན་མཆོག་ལ་སྐུར་པ་བཏབ་པའི་དོན་དུ་ཕྲིན་བསྐུར་བའི་གཏམ་རྣམས་ལ་གསན་དུ་གསོལ། ༡༧ ཀྱེ་ཡ་ཧོ་ཝཱ། ཨ་སུར་གྱི་རྒྱལ་པོ་རྣམས་ཀྱིས་མི་བརྒྱུད་མང་པོ་ཡུལ་དང་བཅས་སུ་མེད་པར་བྱས་པ་ནི་བདེན་ཏེ། ༡༨ དེ་དག་གི་ལྷ་སྐུ་རྣམས་མེ་ལ་བཏབས། ཅི་ལ་ཞུ་ན། དེ་རྣམས་ནི་དཀོན་མཆོག་མ་ཡིན་ཏེ། ཤིང་དང་རྡོ་བ་ལས་མིའི་ལག་པས་བཟོས་པ་ཡིན་པས། དེ་དག་གིས་མེད་པར་བྱེད་ནུས་པ་ཡིན། ༡༩ ད་ཀྱེ་ཡ་ཧོ་ཝཱ། བདག་ཅག་གི་དཀོན་མཆོག ས་གཞིའི་རྒྱལ་ཁམས་ཐམས་ཅད་ཀྱིས་ཡ་ཧོ་ཝཱ་ཁྱེད་གཅིག་པོ་ནི་དཀོན་མཆོག་ལགས་པར་རྟོགས་པའི་སླད་དུ། བདག་ཅག་དེའི་ལག་པ་ལས་ཐར་དུ་ཆུག་ཅིག ཅེས་གསོལ་ཏོ༎
༢༠ དེ་ནས་ཨ་མོས་ཀྱི་བུ་ཡེ་ཤ་ཡཱས་ཧིས་ཀི་ཡཱ་ལ་ཕྲིན་སྐུར་ཞིང་འདི་ན་རེ། ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གིས་འདི་སྐད་གསུང་། ཁྱོད་ཀྱིས་ང་ལ་ཨ་སུར་གྱི་རྒྱལ་པོ་སེན་ན་ཁེ་རིབ་ཀྱི་སྐོར་ལ་གསོལ་བ་བཏབ་པ་དེ་ངས་གསན་བྱུང་། ༢༡ ཡ་ཧོ་ཝཱས་དེའི་ཆེད་དུ་གསུང་བའི་བཀའ་མཆིད་ནི་འདི་སྟེ།
ཙི་ཨོན་གྱི་བུ་མོ་ན་ཆུང་གིས་ཁྱོད་ལ་སྨད་ཅིང་ཁྲེལ་དགོད་བཏང་། ཡེ་རུ་ཤ་ལེམ་གྱི་བུ་མོས་ཁྱོད་ལ་མགོ་སྤྲུག་པར་བྱས།
༢༢ གང་ལ་ཁྱོད་ཀྱིས་འབར་ཞིང་སྐུར་པ་བཏབ་པ་ཡིན། སུ་ལ་ཁྱོད་ཀྱིས་ཀུ་སྒྲ་བརྒྱབ་པ་ཡིན། ཨིས་ར་ཨེལ་གྱི་དམ་པ་ཉིད་ལའང་མིག་ཧུར་ཧུར་མ་བྱས་སམ།
༢༣ ཁྱོད་ཀྱིས་རང་གི་བང་ཆེན་རྒྱུད་དེ་ང་ལ་འབར་ཞིང་འདི་སྐད་དུ། ང་རང་གི་ཤིང་རྟ་གྲངས་མེད་པ་དང་བཅས་སུ། རི་མཐོ་མཐོ་རྣམས་མ་ཟད་ལི་བ་ནོན་གྱི་གཞུང་དཀྱིལ་དུ་བསླེབས། དེར་ཡོད་པའི་འགྱམ་ཤིང་མཐོ་མཐོ་རྣམས་དང་། སོམ་ཤིང་ལེགས་ཚད་ངས་བཅད་པ་ཡིན། དེའི་ས་མཚམས་ཀྱི་བྲང་ས་རྣམས་དང་། ནགས་ཚོགས་སྟུག་པོའི་ནང་དུ་ཞུགས་སོང་བ་ཡིན།
༢༤ ངས་ཆུ་དོང་བྲུས་ནས་ཡུལ་ཡན་པའི་ཆུ་བཏུང་བ་ཡིན། རང་གི་རྐང་མཐིལ་གྱིས་མི་སེར་གྱི་གང་པོ་རྣམས་སྐེམས་པ་ཡིན། ཞེས་ཁྱོད་ཀྱིས་སྨྲས་པ་ཡིན།
༢༥ ཁོ་བོས་སྔར་ནས་དེ་ལྟར་བྱ་རྒྱུ་བྱས་ཏེ། སྔོན་འདས་པའི་དུས་ནས་དེ་བཀོད་པར་ཁྱོད་ཀྱིས་མ་ཐོས་སམ། གྲོང་ཁྱེར་བཙན་པོ་རྣམས་ཁྱོད་ཀྱིས་འཇོམས་པ་དང་། ཕུང་པོར་སྤུང་བ་དེ་ཁོ་བོས་སྒྲུབ་ཏུ་བཅུག་པ་ཡིན།
༢༦ དེའི་ཕྱིར་དེར་གནས་པ་ཀུན་གྱི་དཔའ་ཁུམས་ཏེ། དངང་སྐྲགས་ཤིང་ངོ་ཚ་བར་གྱུར་ཏོ། དེ་རྣམས་ནི་ཐང་ཀའི་རྩྭ་དང་སྔོ་ཚོད་ལྟ་བུ་དང་། ཁང་པའི་ཐོག་གི་རྩྭ་མ་སྨིན་གོང་དུ་སྐེམ་པ་ལྟ་བུར་གྱུར་ཏེ་ཡོད་པ་ཡིན།
༢༧ འོན་ཀྱང་ངས་ཁྱོད་ཀྱི་འདུག་ཚུལ་དང་། ཁྱོད་ཕྱི་ནང་འགྲོ་ལུགས་དང་། ཁྱོད་ཀྱིས་ཁོ་བོ་ལ་འཁྲོ་བ་རྣམས་ཀྱི་ཆ་ང་ལ་ཡོད།
༢༨ དེ་བས་ན་ཁྱོད་ཀྱིས་ང་ལ་འཁྲོ་ཞིང་། ཁྱོད་ཀྱི་ཁེངས་དྲེགས་ཀྱི་འདུ་འཛི་དེ་ངའི་སྙན་དུ་ཆུད་བྱུང་བས། ངས་རང་གི་སྣ་ལོ་ཁྱོད་ཀྱི་སྣར་བསྐར་ཏེ། རང་གི་སྲབ་ཁྱོད་ཀྱི་མཆུའི་བར་དུ་གཞུག་པ་དང་། ཁྱོད་འོངས་པའི་ལམ་དེ་ཀ་ནས་ངས་ཁྱོད་ཕྱིར་ཟློག་པར་བྱ།
༢༩ ད་ཁྱོད་ཀྱི་ཕྱིར་དེའི་རྟགས་འདི་ཡིན། འདི་ལོ་ཁྱོད་རྣམས་ཀྱིས་རང་བཞིན་གྱིས་སྐྱེས་པ་དེ་ཟ་བར་འགྱུར། ལོ་གཉིས་པར་དེའི་ཁོལ་ཟ་བར་འགྱུར། ཡང་ལོ་གསུམ་པར་ཁྱོད་རྣམས་ཀྱིས་ཞིང་རྨོས་ཏེ་བརྔས་ཏེ། རྒུན་ཚལ་བཙུགས་ནས། དེའི་འབྲས་བུ་ལས་ཟ་བར་འགྱུར་རོ། ༣༠ ཡང་ཡ་ཧུ་དཱའི་ཕ་སྤད་ལས་སྐྱབས་བརྙེད་པའི་ལྷག་མ་དེ་ནི་སླར་ཡང་མཐིལ་དུ་རྩ་བ་བརྐྱང་ཞིང་། སྟེང་དུ་འབྲས་བུ་ཆགས་པར་འགྱུར་རོ། ༣༡ དེ་ཅིའི་ཕྱིར་ཞེ་ན། ཡེ་རུ་ཤ་ལེམ་གྱི་ནང་ན་ལུས་པའི་ཕྱི་ལུས་དང་། རི་ཙི་ཨོན་ལ་སྐྱབས་བརྙེད་པ་རྣམས་ཕྱི་རོལ་དུ་འཐོན་པར་འགྱུར། དཔུང་ཆེན་གྱི་ཡ་ཧོ་ཝཱའི་ཐུགས་འཁྲེན་གྱིས་དེ་བཞིན་དུ་སྒྲུབ་པར་འགྱུར་རོ༎
༣༢ དེའི་ཕྱིར་ཡ་ཧོ་ཝཱས་ཨ་སུར་རྒྱལ་པོའི་སྐོར་ལ་འདི་སྐད་གསུང་། ཁོ་གྲོང་ཁྱེར་འདིར་འོང་བར་ཡང་མི་འགྱུར། དེའི་ནང་དུ་མདའ་གཅིག་ཀྱང་འཕེན་པར་མི་འགྱུར། ཕུབ་ཐོགས་ནས། དེའི་མདུན་དུའང་འོང་བར་མི་འགྱུར། དེའི་ཐད་དུ་སྒར་ཡང་རྩིག་པར་མི་འགྱུར་གྱིས། ༣༣ ཁོ་འོངས་པའི་ལམ་དེ་རང་ནས་ཕྱིར་ལོག་འགྲོ་བར་འགྱུར་ཏེ། གྲོང་ཁྱེར་འདིའི་ནང་དུ་འཇུག་མི་ཆོག་པ་ནི་ཡ་ཧོ་ཝཱས་གསུངས་པའོ། ༣༤ ང་རང་དང་ངའི་བྲན་པོ་དཱ་བིད་ཀྱི་དོན་དུ་གྲོང་ཁྱེར་འདི་སྐྱོབ་པའི་ཕྱིར་སྲུང་བར་བྱའོ། ཞེས་གསུངས་སོ༎
༣༥ མཚན་མོ་དེ་ལ་ཡ་ཧོ་ཝཱའི་ཕོ་ཉ་ཐོན་ཏེ། ཨ་སུར་པའི་དམག་སྒར་གྱི་ནང་ན་མི་ཆིག་འབུམ་བརྒྱད་ཁྲི་ལྔ་སྟོང་བསད་པ་དང་། ཐོ་རངས་མི་རྣམས་ལང་དུས་སུ། ཀྱེ་ཧོ། དེ་ཐམས་ཅད་རོ་ལ་གྱུར་ནས་ཡོད་པ་ཡིན། ༣༦ དེའི་ཕྱིར་ཨ་སུར་གྱི་རྒྱལ་པོ་སེན་ན་ཁེ་རིབ་ལངས་ཏེ། ཕྱིར་ལོག་སོང་ནས། ནི་ནི་ཝེར་བསྡད་དོ། ༣༧ ཡང་དེས་རང་གི་ལྷ་ནིས་རོག་གི་ལྷ་ཁང་གི་ནང་དུ་རིམ་གྲོ་བྱེད་པའི་ཚེ། དེའི་བུ་ཨ་དྲམ་མེ་ལེག་དང་ཤར་ཨེ་ཟེར་གཉིས་ཀྱིས་དེ་ནི་རལ་གྲིས་བསད་ནས། ཨ་ར་རད་ཡུལ་དུ་བྲོས་སོ། དེ་ནས་དེའི་བུ་ཨེ་སར་ཧད་དོན་དེའི་མལ་དུ་རྒྱལ་པོར་གྱུར་ཏོ༎