༢༠
དུས་དེ་ཙམ་ན་ཧིས་ཀི་ཡཱ་འཆི་བའི་སྙུང་གིས་བསྙུངས་པ་དང་། ཨ་མོས་ཀྱི་བུ་ཡེ་ཤ་ཡཱ་ལུང་སྟོན་པ་དེའི་དྲུང་དུ་འོངས་ནས་དེ་ལ། ཡ་ཧོ་ཝཱས་འདི་སྐད་གསུང་། ཁྱོད་འཆི་བར་འགྱུར་ཞིང་། གསོན་པར་མི་འགྱུར་བས་ན། ད་རང་གི་ཁྱིམ་གྱི་ཕྱིར་ཁ་ཆེམ་ཞོག ཅེས་སྨྲས་པས། ༢ དེས་རང་གི་གདོང་རྩིག་པའི་ཕྱོགས་སུ་ལྷན་ཏེ། ཡ་ཧོ་ཝཱ་ལ་སྨོན་ལམ་འདེབས་ཤིང་འདི་སྐད་དུ། ༣ ཀྱེ་ཀྱེ་ཡ་ཧོ་ཝཱ། བདག་ཁྱེད་ཀྱི་ཞལ་ངོར་བློ་དྲང་ཞིང་སྙིང་གཙང་སྟེ། ཁྱེད་ཀྱི་སྤྱན་སྔར་བཟང་པོ་ཡིན་པ་དེ་བདག་གིས་ཇི་ལྟར་སྤྱད་པ་ཡིན། དེ་ཐུགས་སུ་དྲན་པར་མཛོད། ཅེས་ཞུས་ནས་དྲག་ཏུ་བཤུམས་སོ། ༤ ཡེ་ཤ་ཡཱ་ད་དུང་ཚོམས་དཀྱིལ་དུ་མ་བསླེབ་པའི་གོང་དུ། དེ་ལ་ཡ་ཧོ་ཝཱའི་བཀའ་བྱོན་ནས་འདི་སྐད་དུ། ༥ ད་ཁྱོད་ཕྱིར་ལོག་ལ། ངའི་འབངས་ཀྱི་དཔོན་པོ་ཧིས་ཀི་ཡཱ་ལ། ཁྱོད་ཀྱི་ཡབ་དཱ་བིད་ཀྱི་དཀོན་མཆོག་ཡ་ཧོ་ཝཱས་འདི་ལྟར་གསུང་། ངས་ཁྱོད་ཀྱི་གསོལ་བ་ཐོས་པ་ཡིན། ཁྱོད་ཀྱི་མཆི་མའང་མཐོང་བ་ཡིན། ལྟོས་ཤིག ངས་ཁྱོད་ཀྱི་ནད་གསོ་བར་བྱ། གཞེས་ལ་ཁྱོད་ཡ་ཧོ་ཝཱའི་མཆོད་ཁང་དུ་འགྲོ་ཐུབ་པར་འགྱུར། ༦ ངས་ཁྱོད་ཀྱི་མི་ཚེའི་ཚད་ལ་ལོ་བཅོ་ལྔ་སྣོན་པར་བྱའོ། ཡང་ངས་ཁྱོད་རང་དང་གྲོང་ཁྱེར་འདི་ཨ་སུར་རྒྱལ་པོའི་ལག་པ་ལས་སྐྱོབ་ཅིང་། ཁོ་བོ་དང་ཁོ་བོའི་བྲན་པོ་དཱ་བིད་ཀྱི་དོན་དུ་གྲོང་ཁྱེར་འདི་སྲུང་བར་བྱའོ། ཞེས་གསུངས་སོ། ༧ ཡང་ཡེ་ཤ་ཡཱས། སེ་ཡབ་ཀྱི་འབྱར་སྨན་ཞིག་སྦྱོར་ཞིག་བསྒོ་བས། དེ་དག་གིས་བླངས་ནས། ཤ་འབུར་གྱི་ཁར་ལྷན་པས། དེའི་ནད་སོས་པར་གྱུར་ཏོ༎༨ དེ་ནས་ཧིས་ཀི་ཡཱས་ཡེ་ཤ་ཡཱ་ལ། ཡ་ཧོ་ཝཱས་ངའི་ནད་སོས་ཏེ། གཞེས་ལ་ང་ཡ་ཧོ་ཝཱའི་མཆོད་ཁང་དུ་འགྲོ་བར་འགྱུར་བའི་རྟགས་ཅི་ཡོད། དྲིས་ནས། ༩ ཡེ་ཤ་ཡཱས་དེ་ལ། ཡ་ཧོ་ཝཱས་གསུངས་པ། དེ་སྒྲུབ་ཏུ་ཡ་ཧོ་ཝཱ་ལས་རྟགས་འདི་འབྱུང་བར་འགྱུར། གྲིབ་མ་གོམ་པ་བཅུ་མདུན་དུ་འགྲོ་བའམ། ཡང་ན་གོམ་པ་བཅུ་རྒྱབ་ཏུ་ལོག་འགྲོ་བ་ལས། ཁྱོད་གང་འདོད། ༡༠ དྲིས་ལན་དུ་ཧིས་ཀི་ཡཱས། གྲིབ་མ་ནི་གོམ་པ་བཅུ་མདུན་དུ་འགྲོ་བ་སླ་སྟེ། དེ་མི་འདོད། གྲིབ་མ་གོམ་པ་བཅུ་རྒྱབ་ཏུ་ལོག་པར་དགོས་སོ། ཞེས་སྨྲས་པས། ༡༡ ལུང་སྟོན་པ་ཡེ་ཤ་ཡཱས་ཡ་ཧོ་ཝཱ་ལ་གསོལ་ནས། ཨ་ཧས་ཀྱི་ཉི་ཚོད་ལ་ཐལ་ཟིན་པའི་གྲིབ་མ་དེ་ནི་གོམ་པ་བཅུ་རྒྱབ་ཏུ་ཟློག་པར་མཛད་དོ༎
༡༢ དེའི་དུས་སུ་བཱ་བེལ་གྱི་རྒྱལ་པོ་བཱལ་ཨ་དན་གྱི་སྲས་བེ་རོད་དག་བཱལ་ཨ་དན་གྱིས་ཧིས་ཀི་ཡཱ་སྙུང་བར་ཐོས་ནས། ཞུ་ཤོག་དང་གཟིགས་རྟེན་བསྐུར་ཏོ། ༡༣ ཡང་ཧིས་ཀི་ཡཱས་དེ་དག་ལ་ཉན་ཏེ། རང་གི་ཕོ་བྲང་གི་བཟང་ནོར་ཐམས་ཅད་དང་། གསེར་དངུལ་དང་། སྤོས་དང་། སྤོས་ཆུ་རིན་ཐང་ཆེ་བ་དང་། མཚོན་ཆའི་མཛོད་དང་། གཏེར་མཛོད་ན་ཡོད་པའི་ནོར་ཐམས་ཅད་དེ་དག་ལ་བསྟན་ནས། ཧིས་ཀི་ཡཱས་དེ་དག་ལ་མ་བསྟན་པའི་ནོར་རྫས་གང་ཡང་དེའི་ཕོ་བྲང་དང་དེའི་རྒྱལ་ཁམས་ཐམས་ཅད་ཀྱི་ནང་དུ་མ་ལུས་སོ། ༡༤ དེ་ནས་ལུང་སྟོན་པ་ཡེ་ཤ་ཡཱ་རྒྱལ་པོ་ཧིས་ཀི་ཡཱའི་དྲུང་དུ་འོངས་ནས་དེ་ལ། མི་འདི་དག་གིས་ཅི་དང་ཅི་ཟེར་བྱུང་། ཡང་ཁྱེད་ཀྱི་དྲུང་དུ་གང་ཡུལ་ནས་འོངས་པ་ཡིན། ཞེས་དྲིས་པས། ཧིས་ཀི་ཡཱས། དེ་དག་ནི་ཡུལ་ཐག་རིང་བ་བཱ་བེལ་ནས་འོངས་པ་ཡིན་སྨྲས་པ་དང་། ཁོང་གིས། ༡༥ དེ་དག་གིས་ཁྱེད་ཀྱི་ཕོ་བྲང་ན་ཅི་མཐོང་བ་ཡིན། དྲིས་པའི་ལན་དུ་ཧིས་ཀི་ཡཱས་དེ་དག་གིས་ངའི་ཁྱིམ་ནང་ཅི་དང་ཅི་ཡོད་པ་ཐམས་ཅད་མཐོང་བ་ཡིན་ཏེ། དེ་དག་ལ་མ་བསྟན་པའི་རྫས་གང་ཡང་ངའི་གཏེར་མཛོད་ནང་ལུས་ཏེ་མེད་ཅེས་སྨྲས་པས།
༡༦ ཡེ་ཤ་ཡཱས་ཧིས་ཀི་ཡཱ་ལ། ད་ཡ་ཧོ་ཝཱའི་གསུང་ལ་ཉོན། ༡༧ ལྟོས། ཁྱོད་ཀྱི་ཕོ་བྲང་ན་ཡོད་པ་ཐམས་ཅད་དང་། ཁྱེད་ཀྱི་ཕ་མེས་པོས་དེ་རིང་གི་བར་དུ་བསགས་པ་ཚང་མ་བཱ་བེལ་དུ་འཁྱེར་བའི་དུས་ཤིག་འོང་། ཅིའང་ལུས་པར་མི་འགྱུར་ཞེས་ཡ་ཧོ་ཝཱས་གསུང་། ༡༨ ཡང་ཁྱེད་ལས་ཆད་དེ། ཁྱེད་ལས་སྐྱེ་བར་འགྱུར་བའི་བུ་རྣམས་ཁྱེར་ནས། བཱ་བེལ་གྱི་རྒྱལ་ཁབ་ལ་ཉུག་རུམ་དུ་འགྱུར་བར་འགྱུར་རོ། ཞེས་སྨྲས་པ་དང་། ༡༩ ཧིས་ཀི་ཡཱས་ཡེ་ཤ་ཡཱ་ལ། ཁྱེད་ཀྱིས་གསུངས་པའི་ཡ་ཧོ་ཝཱའི་བཀའ་མཆིད་དེ་ལེགས་པའོ། འོན་ཀྱང་ངའི་ཚེ་ཐོག་ཞི་བདེ་དང་དུས་བདེ་ལུས་པར་འགྱུར་རམ། ཞེས་སྨྲས་སོ༎