༢༡
མ་ན་ཤེས་རྒྱལ་སྲིད་བཟུང་དུས་སུ་ལོ་བཅུ་གཉིས་ལོན་ཡོད་དེ། ལོ་ལྔ་བཅུ་ང་ལྔའི་བར་དུ་ཡེ་རུ་ཤ་ལེམ་དུ་རྒྱལ་སྲིད་བསྐྱངས་སོ། དེའི་ཡུམ་གྱི་མཚན་དུ་ཧེབ་ཙི་བཱ་ཞེས་ཟེར་རོ། ༢ དེས་ཡ་ཧོ་ཝཱའི་གཟིགས་ངོར་ངན་པ་ཡིན་པ་དེ་བྱས་ཏེ། ཡ་ཧོ་ཝཱས་ཨིས་ར་ཨེལ་གྱི་མདུན་ནས་བསྐྲད་པར་མཛད་པའི་ཕྱི་པ་རྣམས་ཀྱི་ཞེན་ལོག་གི་བྱ་བ་ལ་སྤྱོད་ཅིང་། ༣ དེས་རང་གི་ཡབ་ཧིས་ཀི་ཡཱས་བཤིག་པའི་མཐོ་གླིང་རྣམས་ཡང་སྐྱར་བརྩིགས་ཏེ། ཨིས་ར་ཨེལ་གྱི་རྒྱལ་པོ་ཨ་ཧབ་ཀྱིས་བགྱིས་པ་ལྟར་དུ་བ་ཨཱལ་གྱི་ཕྱིར་མཆོད་ཁྲི་བཞེངས་ཏེ། ཨ་ཤེ་རཱ་ཞིག་བཟོས་ནས། གནམ་གྱི་སྐར་ཚོགས་ཐམས་ཅད་ལ་ཕྱག་འཚལ་ཞིང་བརྟེན་པ་ཡིན། ༤ ངས་ཡེ་རུ་ཤ་ལེམ་གྱི་ནང་དུ་ཉིད་ཀྱི་མཚན་གཞག་གོ། ཞེས་ཡ་ཧོ་ཝཱས་གསུངས་མོད། དེས་ཡ་ཧོ་ཝཱའི་མཆོད་ཁང་གི་ནང་དུ་དེ་ལྟ་བུའི་མཆོད་ཁྲི་རྣམས་བཞེངས་སོ། ༥ ཡང་དེས་ཡ་ཧོ་ཝཱའི་མཆོད་ཁང་གི་ཁྱམས་གཉིས་ཀའི་ནང་དུ་གནམ་གྱི་སྐར་ཚོགས་ཀུན་གྱི་ཆེད་དུ་མཆོད་ཁྲི་མང་པོ་བཞེངས་སོ། ༦ ཡང་དེས་རང་གི་བུ་མེའི་ནང་དུ་འགྲུལ་བཅུག་སྟེ། དུས་ཚོད་རྣམས་བསྲུངས། སྔགས་བཏབ། གཤིན་འདྲེ་འགུག་མཁན་དང་སྔགས་པ་དང་འདྲེས་ནས། ཡ་ཧོ་ཝཱའི་ཐུགས་ཁྲོ་དཀྲུག་པའི་ངན་པ་མང་པོ་ཁོང་གི་གཟིགས་ངོར་བྱས་ཏེ། ༧ ཡང་ཁོ་རང་གིས་བཟོས་པའི་ཨ་ཤེ་རཱ་ཡི་བཙོག་སྐུ་དེ་མཆོད་ཁང་དུ་བཙུགས་སོ། ཁྱིམ་དེའི་སྐོར་ལ་ཡ་ཧོ་ཝཱས་དཱ་བིད་དང་དེའི་སྲས་ཤ་ལོ་མོ་ལ། ཨིས་ར་ཨེལ་གྱི་སྡེ་ཐམས་ཅད་ལས་འདམས་པའི་ཡེ་རུ་ཤ་ལེམ་དང་ཕོ་བྲང་འདིར་ངས་རང་གི་མཚན་རྒྱུན་དུ་འཇོག་པར་བྱ། ༨ ཇི་སྟེ་དེ་དག་གིས་ངས་དེ་དག་ལ་བཀའ་སྩལ་པ་དང་། ངའི་བྲན་པོ་མོ་ཤེས་དེ་དག་ལ་བསྟན་པའི་བཀའ་ཁྲིམས་ཐམས་ཅད་སྲུང་ན། ངས་ཨིས་ར་ཨེལ་གྱི་རྐང་པ་ནི་ཕ་མེས་པོ་ལ་གནང་བའི་ཡུལ་ཁམས་ཀྱི་ནང་ནས་ནམ་དུ་ཡང་འཁྱར་དུ་མི་གཞུག་གོ། ཞེས་གསུངས་སོ། ༩ འོན་ཀྱང་དེ་དག་གིས་མ་ཉན་པར། མ་ན་ཤེས་དེ་རྣམས་འགོལ་དུ་བཅུག་པས། ཡ་ཧོ་ཝཱས་ཨིས་ར་ཨེལ་གྱི་མདུན་ལས་མེད་པར་མཛད་པའི་མི་བརྒྱུད་རྣམས་ལས་ཀྱང་དེ་རྣམས་ཀྱིས་ལྷག་པར་བྱ་བ་ངན་པ་བྱས་སོ༎༡༠ དེའི་ཕྱིར་ཡ་ཧོ་ཝཱས་ཁོང་ཉིད་ཀྱི་བྲན་པོ་ལུང་སྟོན་པའི་ངག་གི་སྒོ་ནས་འདི་སྐད་དུ། ༡༡ ཡ་ཧུ་དཱའི་རྒྱལ་པོ་མ་ན་ཤེས་མི་གཙང་བའི་ལས་དེ་རྣམས་བྱེད་ཅིང་། དེ་ལས་སྔོན་དུ་ཡོད་པའི་ཨ་མོར་པ་ལས་ཀྱང་ཆེར་བྱ་བ་ངན་པ་བྱས་ཏེ། དེའི་སྐུ་འདྲའི་ཐབས་ཀྱིས་ཡ་ཧུ་དཱ་ལ་ཡང་སྡིག་པ་བྱེད་དུ་བཅུག་པ་ཡིན། ༡༢ དེའི་ཕྱིར་ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གིས་འདི་སྐད་གསུང་། ལྟོས་སྡོད། ངས་ཡེ་རུ་ཤ་ལེམ་དང་ཡ་ཧུ་དཱའི་ནང་ན་ཇི་ལྟ་བུའི་སྡུག་བསྔལ་གཏོང་བར་བྱེད་ཅེ་ན། སུའི་རྣ་བར་ཕྲིན་དེ་ཐོས་པར་ཙམ་གྱིས། དེའི་རྣ་བ་གཉིས་ཀ་འུར་བར་འགྱུར་རོ། ༡༣ ཡང་ངས་ཡེ་རུ་ཤ་ལེམ་གྱི་ཐོག་ཏུ་ས་མར་ཡཱའི་ཐིག་སྐུད་དང་། ཨ་ཧབ་ཀྱི་ཁྱིམ་གྱི་གཏིང་རྡོ་དེ་འབེབས་པར་བྱ་སྟེ། མི་ཞིག་གིས་སྡེར་མ་ཞིག་འཕྱི་ཞིང་ཁ་འབུབ་ཏུ་གཏོང་བ་ལྟར། ངས་ཡེ་རུ་ཤ་ལེམ་ཡང་འཕྱི་བར་བྱའོ། ༡༤ ཡང་རང་ཉིད་ཀྱི་ནོར་སྐལ་གྱི་ལྷག་ལུས་དེ་སྤངས་ཏེ། དེ་དག་གི་དགྲའི་ལག་པར་གཏད་དེ། དེ་དག་གི་དགྲ་བོ་ཀུན་གྱི་ལིངས་དང་བཅོམ་ནོར་དུ་འགྱུར་བར་འགྱུར་རོ། ༡༥ དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་ངའི་སྤྱན་སྔར་མི་དགེ་བའི་ལས་བྱས་ཏེ། དེ་དག་གི་མེས་པོ་རྣམས་མི་སེར་ཡུལ་ནས་ཐོན་པའི་ཉིན་མོ་ནས་དེ་རིང་གི་བར་དུ། དེ་དག་གིས་ངའི་ཐུགས་ཁྲོ་དཀྲུགས་པ་ཡིན་ཞེས་གསུངས་སོ༎
༡༦ མ་ན་ཤེས་ཡ་ཧོ་ཝཱའི་སྤྱན་སྔར་ངན་པ་སྤྱད་ཅིང་། ཡ་ཧུ་དཱ་ལ་སྡིག་པ་བྱེད་དུ་བཅུག་པའི་སྟེང་དུ། དེས་ཡེ་རུ་ཤ་ལེམ་གྱི་མགོ་ནས་མཇུག་གི་བར་དུ་ནོངས་མེད་པའི་ཁྲག་མང་པོ་ཕོས་ནས་བསྐངས་སོ༎
༡༧ མ་ན་ཤེའི་གཞན་བྱ་བ་དང་། དེས་ཅི་དང་ཅི་བྱས་པ་ཐམས་ཅད་དང་། སྡིག་པ་ཅི་དང་ཅི་བྱས་པ་རྣམས་ནི། ཡ་ཧུ་དཱའི་རྒྱལ་པོ་རྣམས་ཀྱི་རྒྱལ་རབས་ཀྱི་མདོ་རུ་བྲིས་ཏེ་མེད་དམ། ༡༨ དེ་ནས་མ་ན་ཤེ་རང་གི་ཕ་མེས་ཀྱི་ཁྲོད་དུ་ཉལ་བ་དང་། དེའི་ཚལ་ཨུ་ཟཱ་ཡི་སྐྱེད་མོས་ཚལ་གྱི་ནང་དུ་བསྐུངས་པ་ལས། དེའི་སྲས་ཨ་མོན་བྱ་བ་དེའི་ཚབ་ཏུ་རྒྱལ་པོར་གྱུར་ཏོ༎
༡༩ ཨ་མོན་གྱིས་རྒྱལ་སྲིད་བཟུང་དུས་སུ། ལོ་ཉེར་གཉིས་ལོན་ཡོད་དེ། དེས་ཡེ་རུ་ཤ་ལེམ་དུ་ལོ་གཉིས་རྒྱལ་སྲིད་བསྐྱངས་སོ། དེའི་མ་མེ་ཤུལ་ལེ་མེད་བྱ་བ་ནི་ཡོད་པཱ་པ་ཧ་རུས་ཀྱི་བུ་མོ་ཡོད་པ་ཡིན། ༢༠ དེས་ཀྱང་རང་གི་ཕ་མ་ན་ཤེས་བྱས་པ་བཞིན་དུ་ཡ་ཧོ་ཝཱའི་སྤྱན་སྔར་མི་དགེ་བའི་ལས་བྱེད་ཅིང་། ༢༡ རང་གི་ཕ་འགྲུལ་བའི་ལམ་དུ་འགྲུལ་ཞིང་། ཕས་བརྟེན་པའི་གཙོག་སྐུ་རྣམས་ལ་བརྟེན་ཏེ་ཕྱག་བཙལ་ཏེ། ༢༢ ཡ་ཧོ་ཝཱ་རང་གི་ཡབ་མེས་ཀྱི་དཀོན་མཆོག་བསྐྱུར་ནས། ཡ་ཧོ་ཝཱའི་གཤེགས་ལམ་གྱི་ནང་དུ་མ་འགྲུལ་ཏོ། ༢༣ དེ་ནས་ཨ་མོན་གྱི་གཡོག་པོ་རྣམས་ཀྱིས་ཁོ་ལ་ངོ་ལོག་བྱས་ནས། རྒྱལ་པོ་ནི་དེ་རང་གི་ཁབ་ཀྱི་ནང་བསད་དེ། ༢༤ འབངས་རྣམས་ཀྱིས་རྒྱལ་པོ་ཨ་མོན་ལ་ངོ་ལོག་བྱས་མཁན་ཐམས་ཅད་བསད་ནས། ཁོང་གི་སྲས་ཡོ་ཤི་ཡཱ་དེའི་མལ་དུ་རྒྱལ་པོར་བསྐོས་སོ། ༢༥ ཨ་མོན་གྱིས་བྱས་པའི་གཞན་བྱ་བ་རྣམས་ཡ་ཧུ་དཱའི་རྒྱལ་པོ་རྣམས་ཀྱི་རྒྱལ་རབས་མདོ་ནང་བྲིས་ཏེ་མེད་དམ། ༢༦ ཨུ་ཟཱ་ཡི་ཚལ་གྱི་ནང་དུ་རང་གི་དུར་ཁུང་དུ་བསྐུངས་ནས། དེའི་སྲས་ཡོ་ཤི་ཡཱ་དེའི་མལ་དུ་རྒྱལ་པོར་གྱུར་ཏོ༎