༢༢
ཡོ་ཤི་ཡཱ་རྒྱལ་པོར་འགྱུར་དུས་སུ་ལོ་བརྒྱད་ལོན་ཡོད་པ་ཡིན། དེས་ཡེ་རུ་ཤ་ལེམ་དུ་ལོ་སོ་གཅིག་གི་རིང་དུ་རྒྱལ་སྲིད་བསྐྱངས་སོ། དེའི་ཡུམ་ཡེ་དི་དཱ་བྱ་བ་ནི་བོས་ཁད་པ་ཨ་ད་ཡཱ་ཡི་བུ་མོ་ཡོད་པ་ཡིན།  དེས་ཡ་ཧོ་ཝཱའི་སྤྱན་སྔར་བཟང་པོ་ཡིན་པ་དེ་བྱས་ཏེ། རང་གི་ཡབ་མེས་དཱ་བིད་ཀྱི་ལམ་ཐམས་ཅད་ནང་འགྲུལ་ཞིང་། དེའི་ནང་ནས་གཡས་གཡོན་གང་དུའང་མ་ནུར་ཏོ༎
 དེ་ནས་རྒྱལ་པོ་ཡོ་ཤི་ཡཱས་སྲིད་བྱེད་པའི་ལོ་བཅོ་བརྒྱད་པར། རྒྱལ་པོ་དེས་མེ་ཤུལ་ལམ་གྱི་ཚ་བོའམ། ཨ་ཙལ་ཡཱའི་བུ་ཤཱ་ཕན་བྱ་བའི་དྲུང་ཡིག་དེ་ཡ་ཧོ་ཝཱའི་ཕོ་བྲང་དུ་བརྫངས་ནས་དེ་ལ།  བླ་མ་ཆེན་པོ་ཧིལ་ཀི་ཡཱ་ཡི་དྲུང་དུ་ཡར་སོང་ནས་དེ་ལ། སྒོ་སྲུང་པས་མི་རྣམས་ལས་བསྡུས་པའི་དངུལ་ལམ། ཡ་ཧོ་ཝཱའི་མཆོད་ཁང་དུ་ཕུལ་བ་དེའི་རྩིས་ལེན་ཅིག་དང་།  ཡ་ཧོ་ཝཱའི་ཕོ་བྲང་གི་ལས་བྱེད་པ་ཚོའི་ལག་ཏུ་དེ་ཐོད་ཅིག ཡང་དེ་དག་གིས་ཡ་ཧོ་ཝཱའི་ཕོ་བྲང་གི་གས་འཁྲུགས་ཀྱི་བཞིག་སོས་བྱེད་པའི་ལག་ཤེས་རྣམས་ལ་སྟེར་བའི་རིགས་ཏེ།  ཕོ་བྲང་གི་བཞིག་སོས་བྱེད་དུ་ཤིང་མཁན་དང་། རྩིག་དཔོན་དང་རྩིག་བཟོ་པ་རྣམས་ཀྱི་ཕྱིར་དང་། གདུང་མ་དང་། བཞོགས་པའི་རྡོ་བ་ཉོ་བའི་ཕྱིར་རོ།  ཡང་དེ་དག་གི་ལག་ཏུ་བཏད་པའི་དངུལ་གྱི་རྩིས་བླངས་པ་མ་ཡིན། གང་ལ་ཞེ་ན། དེ་དག་གིས་བློ་དྲང་པོར་ལས་བྱས་པ་ཡིན།
 དེ་ནས་བླ་མ་ཆེན་པོ་ཧིལ་ཀི་ཡཱས་དྲུང་ཡིག་ཤཱ་ཕན་ལ། བདག་ལ་ཡ་ཧོ་ཝཱའི་ཕོ་བྲང་ལ་བཀའ་ཁྲིམས་ཀྱི་མདོ་དེ་བརྙེད་བྱུང་། བྱས་ནས། ཧིལ་ཀི་ཡཱས་མདོ་དེ་ཤཱ་ཕན་ལ་སྤྲད་པ་དང་། དེས་བཀླགས་སོ།  དེ་ནས་དྲུང་ཡིག་ཤཱ་ཕན་རྒྱལ་པོའི་དྲུང་དུ་ཕྲིན་སྐྱེལ་དུ་འོངས་ནས་དེ་ལ། ཕོ་བྲང་ན་ཡོད་པའི་དངུལ་དེ་ཁྱེད་ཀྱི་བྲན་གཡོག་ཚོས་བསྡུས་ཏེ། ཡ་ཧོ་ཝཱའི་ཕོ་བྲང་གི་ལས་ལ་ལྟ་མཁན་ཚང་མའི་ལག་པར་བཏད་དོ་བྱས་ནས། ༡༠ དྲུང་ཡིག་ཤཱ་ཕན་གྱིས་རྒྱལ་པོ་ལ། བླ་མ་ཧིལ་ཀི་ཡཱས་ང་ལ་མདོ་འདི་བྱིན་བྱུང་། ཞུས་ནས། ཤཱ་ཕན་གྱིས་དེ་ནི་རྒྱལ་པོའི་དྲུང་དུ་བཀླགས་པས།
༡༡ རྒྱལ་པོས་བཀའ་ཁྲིམས་ཀྱི་མདོའི་གསུང་རྣམས་ཐོས་པར་ཙམ་གྱིས། རང་གི་གོས་བཤགས་ནས། ༡༢ རྒྱལ་པོས་བླ་མ་ཧིལ་ཀི་ཡཱ་དང་། ཤཱ་ཕན་གྱི་བུ་ཨ་ཧི་ཀམ་དང་། མི་ཀ་ཡཱའི་བུ་ཨག་པོར་དང་། དྲུང་ཡིག་ཤཱ་ཕན་དང་། རྒྱལ་པོའི་ཞབས་ཕྱི་ཨ་ས་ཡཱ་དང་དྲུག་པོ་ལ། ༡༣ ཁྱོད་ཅག་སོང་ལ། ང་དང་། མི་སྡེ་ཚང་མ་དང་། ཡ་ཧུ་དཱ་མཐའ་དག་གི་དོན་དུ་མདོ་འདིའི་ནང་ནས་བརྙེད་པའི་གསུང་རྣམས་ཀྱི་སྐོར་དུ་ཡ་ཧོ་ཝཱ་ལས་ཐུགས་བརྟག་ཞུས་ཤིག ཅི་ལ་ཟེར་ན། བདག་ཅག་གི་ཕ་མེས་ཀྱིས་རྣ་བའང་མ་བླགས་ཏེ། མདོ་འདིའི་གསུང་བཞིན་དུ་མ་བྱས་པའི་རྐྱེན་གྱིས། བདག་ཅག་གི་ཐོག་ཏུ་ཡ་ཧོ་ཝཱའི་ཐུགས་ཁྲོ་རབ་ཏུ་འབར་བ་ཡིན་བསྒོ་བས།
༡༤ བླ་མ་ཧིལ་ཀི་ཡཱ་དང་། ཨ་ཧི་ཀམ་དང་། ཨག་པོར་དང་། ཤཱ་ཕན་དང་། ཨ་ས་ཡཱ་ལྔ་པོ་གོས་དཔོན་ཡིན་པའི་ཏིག་ཝཱའི་བུ་ཧར་ཧས་ཀྱི་ཚ་བོ་ཤལ་ལུམ་གྱི་ཆུང་མ་ལུང་སྟོན་མ་ཧུལ་དཱ་ཡི་དྲུང་དུ་སོང་ནས། དེ་ལ་གཏམ་བྱས་སོ། དེའི་དུས་སུ་མོ་དེ་ནི་ཡེ་རུ་ཤ་ལེམ་གྱི་གྲོང་ཁྱེར་གྱི་ཁག་གཉིས་པའི་ནང་བསྡད་ཡོད་པ་ཡིན། ༡༥ དེ་ནས་མོས་དེ་དག་ལ། ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གིས་འདི་སྐད་གསུང་། ཁྱོད་ཅག་ངའི་རྩར་བཏང་བའི་མི་དེ་ལ་འདི་སྐད་སྦྲོན་ཅིག ༡༦ ཡ་ཧོ་ཝཱས་འདི་ན་རེ། ལྟོས་ཤིག ཡ་ཧུ་དཱའི་རྒྱལ་པོས་མདོ་དེའི་ནང་ནས་བཀླགས་པའི་གསུང་ཐམས་ཅད་བཞིན་དུ། ངས་གནས་འདི་དང་། དེའི་ནང་དུ་གནས་པའི་ཐོག་ཏུ་རྐྱེན་ངན་དབབ་བོ། ༡༧ དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་ང་བསྐྱུར་ཏེ། ལྷ་གཞན་དག་ལ་བསངས་བཏང་སྟེ། དེ་དག་གི་ལག་པའི་ལས་ཚང་མས་ངའི་ཐུགས་ཁྲོ་དཀྲུགས་པས། ངའི་ཐུགས་ཁྲོ་གནས་འདིའི་ཐོག་ཏུ་འབར་ཞིང་། ཞི་བར་མི་འགྱུར་གྱིས། ༡༨ ཁྱོད་ཅག་ཡ་ཧོ་ཝཱ་ལས་ཐུགས་རྟག་ཞུ་བར་བཏང་བའི་ཡ་ཧུ་དཱའི་རྒྱལ་པོ་ལ་ཁྱོད་ཅག་གིས་འདི་སྐད་ཤོད་ཅིག ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གིས་འདི་ན་རེ། ཁྱོད་ཀྱིས་ཐོས་པའི་གསུངས་རྣམས་ཀྱི་སྐོར་དུ་འདི་རྟོགས་ཤིག ༡༩ ཁྱོད་ཀྱི་སྙིང་དུལ་ཏེ། ངས་ནི་གནས་འདི་དང་། དེའི་ནང་དུ་གནས་པ་རྣམས་སྟོངས་ཤིང་དམོད་པ་འཕོག་མཁན་དུ་འགྱུར་བར་འགྱུར་གསུངས་པ་དེ་ཁྱོད་ཀྱིས་ཐོས་དུས་སུ། ཡ་ཧོ་ཝཱའི་སྤྱན་སྔར་སྙེམས་ཆུང་བྱས་ཏེ། ངའི་དྲུང་དུ་ངུས་པས་ན། ངས་ཀྱང་ཁྱོད་ལ་གསན་པ་ཡིན། ཞེས་ཡ་ཧོ་ཝཱས་གསུང་ངོ་། ༢༠ དེའི་ཕྱིར་ཉོན་ཅིག ངས་ཁྱོད་རང་གི་ཕ་མེས་ཀྱི་ཁྲོད་དུ་བསྲེ་བར་བྱ་སྟེ། ཞི་བདེ་བར་རང་གི་དུར་དུ་འགྲོ་བར་འགྱུར་གྱིས། ངས་གནས་འདིར་འབེབ་རྒྱུའི་རྐྱེན་ངན་ཚང་མ་མཐོང་བར་མི་འགྱུར་རོ། ཞེས་པའི་གསུང་ཕྲིན་དེ་དག་གིས་རྒྱལ་པོ་ལ་ཁྱེར་ཏོ༎