༢༣
དེ་ནས་རྒྱལ་པོས་བང་ཆེན་མངགས་ནས། དེ་དག་གིས་ཡ་ཧུ་དཱ་དང་། ཡེ་རུ་ཤ་ལེམ་གྱི་རྒན་རབས་ཚང་མ་ཁོང་གི་དྲུང་དུ་བསྡུས་པ་དང་། ༢ ཡ་ཧོ་ཝཱའི་ཕོ་བྲང་དུ་རྒྱལ་པོ་ཡར་ཕྱིན་ཏོ། ཁོང་དང་མཉམ་དུ་ཡ་ཧུ་དཱའི་མི་ཚང་མ་དང་། ཡེ་རུ་ཤ་ལེམ་པ་དང་། བླ་མ་དང་། ལུང་སྟོན་པ་རྣམས་དང་། མི་སྡེའི་མཆོག་དམན་ཐམས་ཅད་དེར་སོང་སྟེ། ཡ་ཧོ་ཝཱའི་མཆོད་ཁང་དུ་བརྙེད་པའི་ཞལ་ཆད་ཀྱི་མདོའི་གསུང་ཐམས་ཅད་དེ་དག་གི་རྣ་བའི་མདུན་དུ་བཀླགས་སོ། ༣ ཡང་རྒྱལ་པོ་ཀ་བའི་མདུན་དུ་ལངས་ནས། མདོ་དེའི་ནང་ན་བྲིས་པའི་ཞལ་ཆད་ཀྱི་གསུང་བཞིན་སྒྲུབ་པའི་ཕྱིར་དུ། ཡ་ཧོ་ཝཱའི་རྗེས་སུ་འབྲང་ཞིང་། སྙིང་ཚང་མ་དང་། སེམས་ཚང་མ་དང་། ཁོང་གི་བཀའ་རྒྱ་དང་། ཞལ་ཆད་དང་། སྤྱད་མཚམས་རྣམས་སྲུང་བ་ལ། ཡ་ཧོ་ཝཱའི་སྤྱན་སྔར་ཆད་དོན་བྱས་པ་ལས། མི་སྡེ་ཚང་མ་ཆད་དོན་དེ་ལ་བརྟན་པར་གནས་སོ༎༤ དེ་ནས་རྒྱལ་པོས་བླ་མ་ཆེན་པོ་ཧིལ་ཀི་ཡཱ་དང་། གྲལ་རིམ་གཉིས་པའི་བླ་མ་དང་། སྒོ་པ་རྣམས་ལ། བ་ཨཱལ་དང་། ཨ་ཤེ་རཱ་དང་། གནམ་གྱི་སྐར་ཚོགས་ཀྱི་དོན་དུ་བཟོས་པའི་ཡོ་བྱད་ཚང་མ་ཡ་ཧོ་ཝཱའི་མཆོད་ཁང་གི་ནང་ནས་ཕྱི་རོལ་དུ་འདོན་པའི་ཕྱིར་བཀའ་བཀོད་དེ། ཁོང་གིས་དེ་དག་ཡེ་རུ་ཤ་ལེམ་གྱི་ཕྱི་རོལ་དུ་ཀིད་རོན་གྱི་ཀླུངས་སུ་བསྲེགས་ནས། དེའི་གོག་ཐལ་ནི་བེད་ཨེལ་དུ་བསྐྱལ་ཏོ། ༥ ཡང་ཡ་ཧུ་དཱའི་རྒྱལ་པོ་རྣམས་ཀྱིས་ཡ་ཧུ་དཱའི་གྲོང་ཁྱེར་སོ་སོའི་མཐོ་གླིང་རྣམས་དང་། ཡེ་རུ་ཤ་ལེམ་གྱི་ཉེ་འཁོར་གྱི་ཐང་དུ་བསངས་གཏོང་དུ་བཞག་པའི་སྐུ་འདྲ་ལ་བརྟེན་པའི་བླ་མ་རྣམས་བཏོན་ཏེ། བ་ཨཱལ་དང་། ཉི་མ་དང་། ཟླ་བ་དང་། རྒྱུ་སྐར་དང་། གནམ་གྱི་སྐར་ཚོགས་ཚང་མ་ལ་བསངས་གཏོང་མཁན་རྣམས་ཀྱང་མེད་པར་བྱས་སོ། ༦ ཡང་ཁོང་གིས་ཡ་ཧོ་ཝཱའི་མཆོད་ཁང་གི་ནང་ནས་ཨ་ཤེ་རཱ་དེ་ཡེ་རུ་ཤ་ལེམ་གྱི་ཕྱི་རོལ་དུ་ཀིད་རོན་ཆུ་བོ་ཡི་རྩར་ཕྱུང་སྟེ། ཀིད་རོན་གྲོག་པོའི་ནང་དུ་བསྲེགས་ནས། བརྫིས་ཤིང་ཕྱེ་མར་བཏགས་ཏེ། ཕྱེ་མར་དེ་མི་བྱིངས་ཀྱི་དུར་ཁྲོད་དུ་ཕངས་སོ། ༧ ཡང་ཁོང་གིས་ཡ་ཧོ་ཝཱའི་ཕོ་བྲང་གི་ནང་དུ་ཡོད་པའི་སོ་དོམ་པ་རྣམས་ཀྱི་ཁང་པ་བཤིག་གོ། དེའི་ནང་དུ་བུད་མེད་རྣམས་ཀྱིས་ཨ་ཤེ་རཱའི་དོན་དུ་ཡོལ་བ་བཏགས་པ་ཡིན་ནོ། ༨ དེའང་ཁོང་གིས་ཡ་ཧུ་དཱའི་གྲོང་ཁྱེར་མཐའ་དག་ལས་བླ་མ་ཚང་མ་བསྡུས་ནས། གེ་བཱ་ནས་བེ་ཨར་ཤེ་བཱ་ཡི་བར་དུ་བླ་མ་རྣམས་ཀྱིས་བསངས་བཏང་བའི་མཐོ་གླིང་རྣམས་མི་གཙང་བར་བྱས་ནས། གྲོང་ཁྱེར་གྱི་རྒྱ་སྒོའི་གཡོན་ཕྱོགས་ན་གྲོང་དཔོན་ཡོ་ཤུ་ཨ་ཡི་སྒོའི་འགག་ཏུ་ཡོད་པའི་མཐོ་གླིང་རྣམས་ཀྱང་བཤིག་གོ། ༩ མཐོ་གླིང་གི་བླ་མ་རྣམས་ནི་ཡེ་རུ་ཤ་ལེམ་དུ་ཡ་ཧོ་ཝཱའི་མཆོད་ཁྲིའི་དྲུང་དུ་ནམ་དུའང་མ་འོངས་ཀྱང་། རང་གི་སྤུན་དང་བཅས་སུ་རུ་མ་མེད་པའི་བག་ལེབ་ཟོས་པ་ཡིན། ༡༠ མི་སུས་ཀྱང་རང་གི་བུའམ་བུ་མོ་ནི་མོ་ལེག་གི་ཕྱིར་མེའི་ནང་དུ་འགྲུལ་མི་འཇུག་པའི་དོན་དུ། ཁོང་གིས་བེན་ཧིན་ནོམ་གྱི་རོང་གི་ཐོ་ཕེད་ཀྱང་མི་གཙང་བར་བྱས་སོ། ༡༡ ཡང་རྒྱལ་ས་དང་ཉེ་བར་ཡ་ཧོ་ཝཱའི་ཕོ་བྲང་གི་སང་སྒོའི་མདུན་དུ། ཉུག་རུམ་ནཱ་ཐན་མེ་ལེག་གི་གཟིམས་ཆུང་གི་སྒོ་ཁང་དང་ཉེ་བར་ཡོད་པའི་རྟའི་སྐུ། ཡ་ཧུ་དཱའི་རྒྱལ་པོ་རྣམས་ཀྱིས་ཉི་མ་ལ་ཕུལ་བ་རྣམས་ནི་མེད་པར་བྱས་ཏེ། ཉི་མའི་ཤིང་རྟ་རྣམས་མེས་བསྲེགས་སོ། ༡༢ ཡང་ཡ་ཧུ་དཱའི་རྒྱལ་པོ་རྣམས་ཀྱིས་ཨ་ཧས་ཀྱི་སྟེང་ཐོག་གི་མཁར་བཞེངས་པའི་མཆོད་ཁྲི་དང་། མ་ན་ཤེས་ཡ་ཧོ་ཝཱའི་ཕོ་བྲང་གི་ཁྱམས་གཉིས་ཀྱི་ནང་ན་བཞེངས་པའི་མཆོད་ཁྲི་དེ་རྣམས་རྒྱལ་པོས་བརློགས་ནས་བཀྲལ་ཏེ། དེ་དག་གི་ཐལ་བ་ཀིད་རོན་གྲོག་པོའི་ནང་དུ་དབྱུགས་སོ། ༡༣ ཡང་ཡེ་རུ་ཤ་ལེམ་གྱི་ཤར་ཕྱོགས་དང་། རི་བོ་འཇིག་བྱེད་ཀྱི་གཡས་ཕྱོགས་སུ། ཨིས་ར་ཨེལ་གྱི་རྒྱལ་པོ་ཤ་ལོ་མོས་ཚི་དོན་པའི་ཞེན་ལོག་རྒྱུའི་ཨས་ཐཱ་རོད་དང་། མོ་ཨབ་པའི་ཁམས་ལོག་རྒྱུའི་ཀེ་མོས་དང་། ཨམ་མོན་པའི་ཁམས་ལོག་རྒྱུའི་མིལ་ཀོམ་གྱི་ཕྱིར་བཞེངས་པའི་མཐོ་གླིང་རྣམས་རྒྱལ་པོས་མི་གཙང་བར་བྱས་སོ། ༡༤ ཡང་ཁོང་གིས་འདྲ་སྐུ་རྣམས་དུམ་བུར་བཅག ཨ་ཤེ་རཱ་རྣམས་བཅད་དེ། དེ་དག་གི་མལ་དུ་རོ་ཡི་རུས་པས་བསྐངས་སོ༎
༡༥ དེ་མ་ཟད་པར་ཨིས་ར་ཨེལ་ལ་སྡིག་པ་བྱེད་དུ་བཅུག་པའི་ནེ་བཱད་ཀྱི་བུ་ཡེ་རོབ་ཨམ་གྱིས་བེད་ཨེལ་དུ་བཞེངས་པའི་མཆོད་ཁྲི་དང་མཐོ་གླིང་རྣམས། དེར་ཡོད་པའི་མཆོད་ཁྲི་དང་མཐོ་གླིང་གཉིས་པོ་བརྟིབས་ནས་བརྫིས་ཏེ། ཐལ་བར་བཟློགས་ཏེ། ཨ་ཤེ་རཱ་མེས་བསྲེགས་སོ། ༡༦ དེ་ནས་ཡོ་ཤི་ཡཱ་ཕྱིར་ལོག་པ་དང་། རི་ལ་ཡོད་པའི་དུར་ཁུང་རྣམས་མཐོང་ནས། དུར་ཁུང་དེ་དག་གི་ནང་ནས་རུས་པ་འདོན་བཅུག་སྟེ། སྔར་དཀོན་མཆོག་གི་སྐྱེས་བུས་ཕྲིན་སྒྲོག་ཅིང་བསྒྲགས་པའི་ཡ་ཧོ་ཝཱའི་གསུང་ཁོ་ན་བཞིན་དུ་མཆོད་ཁྲི་ལ་དེ་རྣམས་བསྲེག་ནས། མི་གཙང་བར་བྱས་སོ། ༡༧ ཡང་ཁོང་གིས། ངས་མཐོང་བའི་རྡོ་རིང་དེ་ཅི་ཡིན། དྲིས་ལན་དུ་རྒྱལ་ས་པ་རྣམས་ཀྱིས། འདི་ནི་སྔར་ཡ་ཧུ་དཱ་ནས་ཐོན་ཏེ། ཁྱེད་ཀྱིས་བེད་ཨེལ་གྱི་མཆོད་ཁྲི་ལ་མཛད་པའི་བྱ་བ་འདི་དག་བཀར་བཏགས་པའི་དཀོན་མཆོག་གི་སྐྱེས་བུ་དེའི་སྤུར་ཁང་ངོ་། ཞུས་པས། ༡༨ ཁོང་གིས། དེ་ཞོག་ལ། སུས་ཀྱང་དེའི་རུས་པ་མ་ཁྱེར་ཞིག བསྒོ་བས། མི་རྣམས་ཀྱིས་དེའི་གདུང་རུས་དང་། ས་མར་ཡཱ་ནས་ཐོན་པའི་ལུང་སྟོན་པ་དེའི་གདུང་རུས་དང་བཅས་སུ་མལ་དུ་བཞག་གོ། ༡༩ ཡང་ཨིས་ར་ཨེལ་གྱི་རྒྱལ་པོ་རྣམས་ཀྱིས་ཡ་ཧོ་ཝཱའི་ཐུགས་ཁྲོ་དཀྲུག་ཏུ་བརྩིགས་པའི་མཐོ་གླིང་གི་ལྷ་ཁང་ས་མར་ཡཱའི་གྲོང་ཁྱེར་རྣམས་ཀྱི་ནང་དུ་ཡོད་པ་ཐམས་ཅད་བརློགས་ནས། བེད་ཨེལ་དུ་བྱས་པ་བཞིན་དུ་དེ་རྣམས་ལའང་བྱས་ཏེ། ༢༠ དེར་ཡོད་པའི་མཐོ་གླིང་རྣམས་ཀྱི་བླ་མ་ཀུན་མཆོད་ཁྲིའི་ཁར་བསད་དེ། དེའི་ཐོག་ཏུ་མི་རུས་བསྲེགས་ནས། ཡེ་རུ་ཤ་ལེམ་དུ་གདན་ཁོར་ཏོ༎
༢༡ དེ་ནས་རྒྱལ་པོས་འབངས་རྣམས་ལ་བཀའ་སྩལ་ཏེ་འདི་སྐད་དུ། ཞལ་ཆད་ཀྱི་མདོ་འདིའི་ནང་དུ་བྲིས་པ་བཞིན་དུ། ཡ་ཧོ་ཝཱའི་དོན་དུ་པེ་སག་གི་དུས་ཆེན་སྲུངས་ཤིག་ཅེས་བསྒོའོ། ༢༢ ཨིས་ར་ཨེལ་གྱི་ཞལ་ཆེ་གཅོད་པའི་ཁྲིམས་དཔོན་གྱི་དུས་ནས་བཟུང་སྟེ། ཨིས་ར་ཨེལ་གྱི་རྒྱལ་པོ་དང་ཡ་ཧུ་དཱའི་རྒྱལ་པོ་རྣམས་ཀྱི་དུས་ཀྱི་བར་དུ་འདི་འདྲའི་པེ་སག་ཅིག་ནམ་དུའམ་མ་བསྲུངས་སོ། ༢༣ རྒྱལ་པོ་ཡོ་ཤི་ཡཱའི་ལོ་བཅོ་བརྒྱད་པར་ཡེ་རུ་ཤ་ལེམ་དུ་ཡ་ཧོ་ཝཱའི་དོན་དུ་པེ་སག་འདི་སྲུང་བ་ཡིན།
༢༤ དེ་མ་ཟད། འདྲེ་འགུག་མཁན་དང་། མཚན་མཁན་དང་། ཡ་ཧུ་དཱ་ཡུལ་དང་ཡེ་རུ་ཤ་ལེམ་གྱི་ནང་ན་མཐོང་བའི་སྐུ་འདྲ་དང་། འདྲ་སྐུ་སྐྱུག་བྲོ་བོ་ཚང་མ་ནི་ཡོ་ཤི་ཡཱས་མེད་པར་བྱས་སོ། ཅིའི་ཕྱིར་ཞེ་ན། བླ་མ་ཧིལ་ཀི་ཡཱས་ཡ་ཧོ་ཝཱའི་ཕོ་བྲང་གི་ནང་དུ་མདོ་ལ་ཡི་གེར་བཀོད་པའི་བཀའ་ཁྲིམས་ཀྱི་གསུང་རྣམས་སྒྲུབ་པའི་ཕྱིར་དུའོ། ༢༥ ཡང་ཁོང་ལྟ་བུར་མོ་ཤེའི་བཀའ་ཁྲིམས་ཐམས་ཅད་དང་བསྟུན་ཏེ། རང་གི་སྙིང་ཚང་མ་དང་། སེམས་ཚང་མ་དང་། སྟོབས་ཚང་མ་ནས་ཡ་ཧོ་ཝཱའི་ཕྱོགས་སུ་སྙིང་བཏང་མཁན་གྱི་རྒྱལ་པོ་ཞིག་སྔར་ཡང་མ་བྱུང་། ཕྱིས་སུ་ཡང་ཁོང་ལྟ་བུ་ཞིག་མ་ཐོན་ཏོ༎
༢༦ འོན་ཀྱང་མ་ན་ཤེས་ཡ་ཧོ་ཝཱའི་ཐུགས་ཁྲོ་རབ་ཏུ་དཀྲུགས་པའི་བྱ་བ་ངན་པའི་རྐྱེན་གྱིས། ཡ་ཧུ་དཱའི་ཐོག་ཏུ་འབར་བའི་ཐུགས་ཁྲོ་ཆེན་པོ་ལས་མ་ནུར་བར། ༢༧ ཡང་ཡ་ཧོ་ཝཱས། ངས་ཨིས་ར་ཨེལ་དོར་བ་ལྟར། ཡ་ཧུ་དཱ་ཡང་ངའི་མདུན་ནས་འདོར་ཞིང་། ངས་འདམས་པའི་རྒྱལ་ས་ཡེ་རུ་ཤ་ལེམ་འདི་དང་། ངའི་མཚན་འཇོག་པར་བྱའོ། གསུངས་པའི་ཕོ་བྲང་འདི་འདོར་བར་བྱའོ་ཞེས་གསུངས་སོ༎
༢༨ ཡང་ཡོ་ཤི་ཡཱ་ཡི་གཞན་བྱ་བ་དང་། དེས་ཅི་དང་ཅི་བྱས་པ་ཐམས་ཅད་ཡ་ཧུ་དཱའི་རྒྱལ་པོ་རྣམས་ཀྱི་རྒྱལ་རབས་ཀྱི་མདོ་རུ་བྲིས་ཏེ་མེད་དམ། ༢༩ ཁོང་གི་སྐུ་རིང་དུ་མི་སེར་གྱི་རྒྱལ་པོ་ཕར་ཨོ་ནེ་ཀོ་བྱ་བ་དེ་ཡུབ་རཱད་བྱ་བའི་གཙང་པོའི་ཕྱོགས་ལ་ཨ་སུར་རྒྱལ་པོ་དང་དམག་བཏེགས་པ་དང་། རྒྱལ་པོ་ཡོ་ཤི་ཡཱ་ནི་དེ་ལ་འཐབ་ཏུ་ཕྱིན་ནས། དེས་ཁོང་མཐོང་བ་ཙམ་གྱིས། ཁོང་མེ་གིད་དོ་རུ་བསད་དོ། ༣༠ དེ་ནས་ཁོང་གི་བྲན་རྣམས་ཀྱིས་སྤུར་ཤིང་རྟའི་ནང་དུ་མེ་གིད་དོ་ནས་ཡེ་རུ་ཤ་ལེམ་དུ་དྲངས་ནས། དེ་ཉིད་ཀྱི་སྤུར་ཁང་དུ་བསྐུངས་སོ། དེ་ནས་ཡུལ་ཁམས་ཀྱི་མི་སྡེས་ཡོ་ཤི་ཡཱ་ཡི་སྲས་ཡོ་ཨ་ཧས་བླངས་ཏེ། བྱུག་པར་བྱས་ནས། ཡབ་ཀྱི་མལ་དུ་རྒྱལ་པོར་བསྐོས་སོ༎
༣༡ ཡོ་ཨ་ཧས་རྒྱལ་སར་སྐོ་དུས་སུ་ལོ་ཉེར་གསུམ་ལོན་ཡོད་དེ། ཡེ་རུ་ཤ་ལེམ་དུ་ཟླ་བ་གསུམ་གྱི་བར་དུ་རྒྱལ་སྲིད་བསྐྱངས་སོ། ལིབ་ནཱ་པ་ཡེ་རེམ་ཡཱའི་བུ་མོ་ཧ་མུ་ཏལ་བྱ་བ་ནི་དེའི་ཡུམ་མོ། ༣༢ དེས་རང་གི་ཡབ་མེས་རྣམས་ཀྱིས་བྱས་པ་ཁོ་ན་བཞིན་དུ། ཡ་ཧོ་ཝཱའི་སྤྱན་སྔར་ངན་པ་ཡིན་པ་དེ་བྱས་སོ། ༣༣ དེས་ཡེ་རུ་ཤ་ལེམ་དུ་རྒྱལ་སྲིད་མི་བྱེད་པའི་དོན་དུ། ཕར་ཨོ་ནེ་ཀོ་ཡིས་ཧ་མད་ཡུལ་དུ་ཡོད་པའི་རིབ་ལཱ་རུ་དེ་ལ་ལྕགས་སྒྲོག་བརྒྱབས་ནས། དངུལ་གྱི་རྡོ་ཚད་བརྒྱ་དང་གསེར་གྱི་རྡོ་ཚད་བཅུའི་དཔྱ་ཁྲལ་ཡུལ་ལ་བཀལ་ཏོ། ༣༤ ཡང་ཕར་ཨོ་ནེ་ཀོས་ཡོ་ཤི་ཡཱ་ཡི་སྲས་ཨེལ་ཡཱ་ཀིམ་དེའི་ཡབ་ཡོ་ཤི་ཡཱ་ཡི་མལ་དུ་རྒྱལ་པོར་བཅུག་ཅིང་། དེའི་མིང་སྤོས་ཏེ་ཡོ་ཡཱ་ཀིམ་བཏགས་ཏེ། ཡོ་ཨ་ཧས་ནི་ཕར་ཁྱེར་ནས། མི་སེར་དུ་ཕྱིན་ཏེ་ཚེ་ལས་འདས་སོ༎
༣༥ ཡོ་ཡཱ་ཀིམ་གྱིས་ཕར་ཨོ་ལ་གསེར་དངུལ་བསྐྱལ་ཏེ། ཕར་ཨོ་ཡི་བཀའ་བཞིན་དུ་དངུལ་གཏོང་དུ་ཡུལ་ལ་དཔྱ་ཁྲལ་བཀལ་ནས། ཕར་ཨོ་ནེ་ཀོ་ལ་གཏོང་རྒྱུར་ཡུལ་མི་རེ་རེ་ལ་འཕོག་པ་བཞིན་དུ་གསེར་དངུལ་བླངས་སོ། ༣༦ ཡོ་ཡཱ་ཀིམ་རྒྱལ་པོར་འགྱུར་དུས་སུ། ལོ་ཉེར་ལྔ་ལོན་ཡོད་དེ། ལོ་བཅུ་གཅིག་ཡེ་རུ་ཤ་ལེམ་དུ་རྒྱལ་སྲིད་བསྐྱངས་སོ། རུ་མཱ་པ་པེ་ད་ཡཱའི་བུ་མོ་ཟེ་བུ་དཱ་བྱ་བ་ནི་དེའི་ཡུམ་མོ། ༣༧ དེས་ཀྱང་རང་གི་ཡབ་མེས་ཀྱིས་བྱས་པ་བཞིན་དུ། ཡ་ཧོ་ཝཱའི་སྤྱན་སྔར་ངན་པ་ཡིན་པ་དེ་བྱས་སོ༎