༢༤
དེའི་དུས་སུ་བཱ་བེལ་གྱི་རྒྱལ་པོ་ནེ་བུ་ཀད་ནེ་ཙར་འོངས་ཏེ། དམག་དྲངས་པས། ཡོ་ཡཱ་ཀིམ་ནི་ལོ་གསུམ་གྱི་བར་དུ་དེའི་འོག་ཏུ་ལུས་སོ། དེ་ནས་བསྒྱུར་ཏེ། དེ་ལ་ངོ་ལོག་བྱས་སོ། ༢ ཡང་ཡ་ཧོ་ཝཱས་ཉིད་ཀྱི་ཞབས་ཏོག་པ་ལུང་སྟོན་པ་རྣམས་རྒྱུད་དེ་གསུངས་པ་བཞིན་དུ། ཁོང་གིས་དེའི་ཐོག་ཏུ་ཀལ་དཱི་པའི་དམག་དཔུང་དང་། ཨ་རམ་པའི་དཔུང་དང་། མོ་ཨབ་པའི་དཔུང་དང་། ཨམ་མོན་གྱི་བུ་བརྒྱུད་ཀྱི་དཔུང་རྣམས་བརྫངས་ཏེ། ཚར་གཅོད་དུ་ཡ་ཧུ་དཱ་ལ་མངགས་སོ། ༣ ངེས་པར་མ་ན་ཤེས་བྱས་པའི་ཉེས་སྡིག་མང་པོའི་རྐྱེན་གྱིས། ཡ་ཧོ་ཝཱའི་ཐུགས་ཁྲོ་འབར་ཞིང་། ཁོང་གི་སྤྱན་སྔར་ནས་དེ་རྣམས་འདོར་བའི་ཕྱིར། ཡ་ཧུ་དཱའི་ཐོག་ཏུ་དེ་ལྟར་བྱུང་ངོ་། ༤ དེས་ནོངས་མེད་པའི་ཁྲག་ཕོས་ཏེ། ཡེ་རུ་ཤ་ལེམ་ནོངས་མེད་པའི་ཁྲག་གིས་བསྐང་བའི་ཕྱིར། ཡ་ཧོ་ཝཱས་དེ་བཤགས་པ་ལ་ཐུགས་མ་དགྱེས་སོ། ༥ ཡོ་ཡཱ་ཀིམ་གྱི་གཞན་བྱ་བ་དང་། དེས་ཅི་དང་ཅི་བྱས་པ་ཐམས་ཅད་ནི་ཡ་ཧུ་དཱ་པའི་རྒྱལ་པོ་རྣམས་ཀྱི་རྒྱལ་རབས་ཀྱི་མདོ་རུ་བྲིས་ཏེ་མེད་དམ། ༦ དེ་ནས་ཡོ་ཡཱ་ཀིམ་རང་གི་ཕ་མེས་དང་ལྷན་ཅིག་ཏུ་ཉལ་བ་དང་། དེའི་སྲས་ཡོ་ཡཱ་ཀིན་དེའི་ཚབ་ཏུ་རྒྱལ་པོར་གྱུར་ཏོ། ༧ དེའི་འོག་ཏུ་མི་སེར་རྒྱལ་པོ་ནི་རང་གི་ཡུལ་ནས་ཡང་སྐྱར་མ་འོངས་སོ། ཅིའི་ཕྱིར་ཞེ་ན། བཱ་བེལ་གྱི་རྒྱལ་པོས་མི་སེར་ཆུ་བོ་ནས་ཡུབ་རཱད་ཀྱི་ཆུ་བོའི་བར་དུ། མི་སེར་རྒྱལ་པོ་ལ་གཏོགས་པ་ཐམས་ཅད་བླངས་སོ༎༨ ཡོ་ཡཱ་ཀིན་གྱིས་རྒྱལ་སྲིད་བཟུང་བའི་ཚེ། ལོ་བཅོ་བརྒྱད་ལོན་པ་དང་། ཡེ་རུ་ཤ་ལེམ་དུ་ཟླ་བ་གསུམ་རྒྱལ་སྲིད་བསྐྱངས་སོ། ཡེ་རུ་ཤ་ལེམ་པ་ཨེལ་ནཱ་ཐན་གྱི་བུ་མོ་ནེ་ཧུས་ཐཱ་བྱ་བ་ནི་དེའི་ཡུམ་མོ། ༩ དེས་ཀྱང་རང་གི་ཡབ་མེས་ཀྱིས་བྱས་པ་བཞིན་དུ། ཡ་ཧོ་ཝཱའི་སྤྱན་སྔར་ངན་པ་ཡིན་པ་དེ་བྱས་སོ༎
༡༠ དེའི་ཚེ་བཱ་བེལ་གྱི་རྒྱལ་པོ་ནེ་བུ་ཀད་ནེ་ཙར་གྱི་བྲན་གཡོག་རྣམས་ཀྱིས་ཡེ་རུ་ཤ་ལེམ་དུ་དམག་དྲངས་ནས། རྒྱལ་ས་ལ་དམག་བསྐོར་བཏང་སྟེ། ༡༡ བཱ་བེལ་རྒྱལ་པོ་ནེ་བུ་ཀད་ནེ་ཙར་རང་གིས་ཀྱང་དེར་དམག་དྲངས་ཏེ། དེའི་བྲན་གཡོག་གིས་དེ་ལ་མཐའ་བསྐོར་བཏང་བས། ༡༢ ཡ་ཧུ་དཱའི་རྒྱལ་པོ་ཡོ་ཡཱ་ཀིན་རང་དང་། དེའི་ཡུམ་དང་། བྲན་འཁོལ་དང་། སྐུ་དྲག་དང་། ཉུག་རུམ་རྣམས་ཐོན་ནས། བཱ་བེལ་རྒྱལ་པོ་གང་ན་བར་སོང་སྟེ། བཱ་བེལ་རྒྱལ་པོས་སྲིད་བྱེད་པའི་ལོ་བརྒྱད་པར་ཁོང་བཟུང་བ་ཡིན། ༡༣ ཡ་ཧོ་ཝཱས་གསུངས་པ་བཞིན་དུ། དེས་ཡ་ཧོ་ཝཱའི་མཆོད་ཁང་གི་དཀོར་མཛོད་ཐམས་ཅད་དང་། རྒྱལ་པོའི་ཕོ་བྲང་གི་གཏེར་རྣམས་བཏོན་ཁྱེར་ཏེ། ཨིས་ར་ཨེལ་གྱི་རྒྱལ་པོ་ཤ་ལོ་མོས་ཡ་ཧོ་ཝཱའི་མཆོད་ཁང་གི་དོན་དུ་བཟོས་པའི་གསེར་གྱི་མཆོད་རྫས་ཚང་མ་དུམ་བུར་བཅག་གོ། ༡༤ ཡང་ཡེ་རུ་ཤ་ལེམ་པ་ཚང་མ་དང་། སྐུ་དྲག་ཀུན་དང་། དམག་གི་དཔའ་བོ་མཐའ་དག་དང་། ལག་ཤེས་དང་། མགར་བ་ཐམས་ཅད་སྡོམ་ནས་མི་སྟོང་ཕྲག་བཅུ་བཟུང་ཁྱེར་བས། ཡུལ་གྱི་ནོར་མེད་རྣམས་མ་གཏོགས་པར། དེར་སུའང་མ་ལུས་སོ། ༡༥ ཡང་དེས་ཡོ་ཡཱ་ཀིན་དང་། རྒྱལ་པོའི་ཡུམ་དང་། རྒྱལ་པོའི་ལྕམ་རྣམས་དང་། དེའི་ཉུག་རུམ་དང་། ཡུལ་གྱི་སྐུ་དྲག་རྣམས་བཟུང་སྟེ། ཡེ་རུ་ཤ་ལེམ་ནས་བཱ་བེལ་དུ་ཁྱེར་ཏོ། ༡༦ དེ་མ་ཟད་དེ། དཔའ་བོ་སྟོང་ཕྲག་བདུན་པོ་ཚང་མ་དང་། ལག་ཤེས་དང་མགར་བ་སྟོང་ཕྲག་གཅིག་གམ། རེམ་ལ་དམག་འགྱེད་ཆོག་ཡོད་པ་ཐམས་ཅད་བཱ་བེལ་རྒྱལ་པོས་བཟུང་ནས་བཱ་བེལ་དུ་ཁྱེར་ཏོ། ༡༧ དེ་ནས་བཱ་བེལ་རྒྱལ་པོས་ཡོ་ཡཱ་ཀིན་གྱི་ཨ་ཁུ་མད་ཐན་ཡཱ་དེའི་མལ་དུ་རྒྱལ་པོར་བཅུག་ཅིང་། མིང་སྤོས་ནས་ཚེ་དེག་ཡཱ་བཏགས་སོ༎
༡༨ ཚེ་དེག་ཡཱ་རྒྱལ་པོར་གྱུར་བའི་ཚེ། ལོ་ཉེར་གཅིག་ལོན་ཡོད་དེ། ཡེ་རུ་ཤ་ལེམ་དུ་ལོ་བཅུ་གཅིག་རྒྱལ་སྲིད་བྱས་སོ། ལིབ་ནཱ་པ་ཡེ་རེམ་ཡཱའི་བུ་མོ་ཧ་མུ་ཏལ་བྱ་བ་ནི་དེའི་ཡུམ་མོ། ༡༩ དེས་ཀྱང་ཡོ་ཡཱ་ཀིམ་གྱིས་བྱས་པ་ལྟར། ཡ་ཧོ་ཝཱའི་སྤྱན་སྔར་ངན་པ་ཡིན་པ་དེ་བྱས་སོ། ༢༠ དེ་ཅིའི་ཕྱིར་ཞེ་ན། ཡ་ཧོ་ཝཱའི་ཐུགས་ཁྲོའི་ནང་ནས་ཡེ་རུ་ཤ་ལེམ་དང་ཡ་ཧུ་དཱ་ལ་དེ་ལྟར་བྱུང་སྟེ། ཁོང་གིས་དེ་དག་ཁོང་ཉིད་ཀྱི་དྲུང་ནས་ཕར་སྐྲད་པར་མཛད་དོ། དེ་ནས་ཚེ་དེག་ཡཱས་བཱ་བེལ་གྱི་རྒྱལ་པོ་ལ་ངོ་ལོག་བྱས་སོ༎