༢༥
ཡང་དེས་རྒྱལ་སྲིད་བཟུང་ནས་ལོ་དགུ་ངོའི་ཟླ་བ་བཅུ་པའི་ཚེས་བཅུ་པར། བཱ་བེལ་རྒྱལ་པོ་ནེ་བུ་ཀད་ནེ་ཙར་རང་དང་། དམག་དཔུང་དང་བཅས་སུ་ཡེ་རུ་ཤ་ལེམ་དུ་དམག་དྲངས་ཏེ། དེའི་མདུན་དུ་དམག་སྒར་ཕབ་ནས། དེའི་མཐའ་སྐོར་ནས་ཕག་ར་བརྩིགས་སོ། ༢ རྒྱལ་པོ་ཚེ་དེག་ཡཱའི་རྒྱལ་སྲིད་ཀྱི་ལོ་བཅུ་གཅིག་པའི་བར་དུ་རྒྱལ་ས་ལ་དམག་གིས་བསྐོར་བཞག་པས། ༣ ཟླ་བ་བཞི་པའི་ཚེས་དགུ་པ་ལ་རྒྱལ་སའི་ནང་དུ་མུ་གེ་བྱུང་བས། ཡུལ་མི་ལ་ཁ་ཟས་གང་ཡང་མེད་པ་ཡིན། ༤ དེ་ནས་རྒྱལ་ས་ལ་འཕྲོག་བཅོམ་བཏང་སྟེ། དམག་གི་སྐྱེ་བོ་ཐམས་ཅད་རྒྱལ་པོའི་ལྡུམ་རའི་མདུན་ལ་ཡོད་པའི་ལྕགས་རི་གཉིས་ཀྱི་བར་གྱི་རྒྱ་སྒོའི་ལམ་ལས་བྲོས་སོ། དེའི་ཚེ་ན་ཀལ་དཱི་པས་བསྐོར་ཡོད་པས། རྒྱལ་པོ་ཡང་ལམ་དེ་ནས་འབྲོག་སྟོང་གི་ཕྱོགས་སུ་སོང་ངོ་། ༥ དེར་ཀལ་དཱི་པའི་དམག་དཔུང་གིས་རྒྱལ་པོ་ལ་བདས་ནས། ཡེ་རི་ཀོའི་ཐང་དུ་ནོན་པ་དང་། ཁོང་གི་དམག་མི་ཐམས་ཅད་ཁོང་ལས་ཡན་ཏོ། ༦ དེ་ནས་དེ་དག་གིས་རྒྱལ་པོ་བཟུང་ནས་བཱ་བེལ་རྒྱལ་པོའི་དྲུང་དུ་རིབ་ལཱ་རུ་དྲངས་ནས། དེ་རྣམས་ཀྱིས་དེ་ལ་ཁྲིམས་བཅད་དེ། ༧ ཚེ་དེག་ཡཱའི་སྲས་རྣམས་ཡབ་ཀྱི་མིག་གི་མདུན་དུ་བསད། ཚེ་དེག་ཡཱའི་མིག་གཉིས་ཀ་བཏོན་ཏེ། ར་གན་གྱི་ཐག་པས་བཅིངས་ནས། བཱ་བེལ་དུ་ཁྱེར་ཏོ༎༨ ཡང་བཱ་བེལ་རྒྱལ་པོ་ནེ་བུ་ཀད་ནེ་ཙར་གྱིས་རྒྱལ་སྲིད་བཟུང་ནས་ལོ་བཅུ་དགུ་པའི་ཟླ་བ་ལྔ་པའི་ཚེས་བདུན་པ་ལ། བཱ་བེལ་རྒྱལ་པོའི་དྲུང་འཁོར་སྐུ་བསྲུང་པའི་དཔོན་པོ་ནེ་བུ་ཟར་ཨ་དཱན་བྱ་བ་ནི་ཡེ་རུ་ཤ་ལེམ་དུ་འོངས་ནས། ༩ ཡ་ཧོ་ཝཱའི་མཆོད་ཁང་དང་། རྒྱལ་པོའི་ཕོ་བྲང་དང་། ཡེ་རུ་ཤ་ལེམ་གྱི་ཁང་པ་ཚང་མ་དང་། གཟིམས་ཁང་ཐམས་ཅད་མེས་བསྲེགས་ཏེ། ༡༠ སྐུ་བསྲུང་པའི་དཔོན་པོ་དང་བཅས་སུ་ཡོད་པའི་ཀལ་དཱི་པའི་དམག་དཔུང་ཚང་མས་ཡེ་རུ་ཤ་ལེམ་གྱི་ཀྱིར་འཁོར་དུ་ཡོད་པའི་ལྕགས་རི་དེ་བརློགས་ནས། ༡༡ གྲོང་ཁྱེར་གྱི་ནང་དུ་ཡོད་པའི་མི་སྡེའི་ཕྱི་ལུས་དང་། བཱ་བེལ་རྒྱལ་པོའི་སྐྱབས་སུ་ཕྱིན་པ་རྣམས། ཡུལ་མིའི་ལྷག་ལུས་དང་བཅས་སུ་སྐུ་བསྲུང་པའི་དཔོན་པོ་ནེ་བུ་ཟར་ཨ་དཱན་གྱིས་བཟུང་ཁྱེར་གྱིས། ༡༢ མི་སྡེ་དེའི་ནོར་མེད་རྣམས་སྐུ་བསྲུང་པའི་དཔོན་པོས་རྒུན་ཚལ་ལ་ལྟ་བ་དང་། སོ་ནམས་བྱེད་དུ་བཞག་གོ།
༡༣ ཡང་ཡ་ཧོ་ཝཱའི་མཆོད་ཁང་ལ་ཡོད་པའི་རག་གི་ཀ་བ་གཉིས་དང་། ཡ་ཧོ་ཝཱའི་མཆོད་ཁང་ལ་ཡོད་པའི་ཁྲི་རྣམས་དང་རག་གི་རྒྱ་མཚོ་བཅས། ཀལ་དཱི་པས་དུམ་བུར་བཅག་སྟེ། ར་གན་དེ་རྣམས་བཱ་བེལ་དུ་ཁྱེར་ཏོ། ༡༤ ཡང་སྣོད་དང་། མེ་ཁྱེམ་དང་། མེ་ལེན་དང་། ཐུམ་བུ་དང་། དེར་རིམ་གྲོ་བྱེད་བྱའི་རག་གི་མཆོད་ཆས་ཐམས་ཅད་དང་། ༡༥ མེ་སྤོར་དང་། ཏིང་དང་། གསེར་ལས་ཡིན་པ་རྣམས་ཀྱི་གསེར་དང་། དངུལ་ལས་ཡིན་པ་རྣམས་ཀྱི་དངུལ་ཚང་མ་ཁྱེར་ཏོ། ༡༦ ཤ་ལོ་མོས་ཡ་ཧོ་ཝཱའི་མཆོད་ཁང་གི་དོན་དུ་བཟོས་པའི་ཀ་བ་གཉིས་ཀ་དང་། རྒྱ་མཚོ་དང་། ཁྲི་རྣམས་དང་། རག་གི་ཡོ་བྱད་དང་བཅས་པ་ཐམས་ཅད་ཀྱི་ར་གན་ནི་གཞལ་དུ་མེད་པའོ། ༡༧ ཀ་བ་གཅིག་གི་མཐོ་ཁྱད་དུ་ཁྲུ་བཅོ་བརྒྱད་དང་། དེའི་སྟེང་དུ་ཡོད་པའི་ཀ་གཞུ་ཡང་རག་ལས་ཡོད་དེ། ཀ་གཞུ་དེའི་མཐོ་ཁྱད་ཁྲུ་གསུམ་ཡོད་པ་ཡིན། ཀ་གཞུ་དེའི་ཀྱིར་འཁོར་དུ་ཡོད་པའི་དྲ་བ་དྲ་ཕྱེད་དང་སེ་འབྲུ་ཀུན་ཡང་ར་གན་ལས་བཟོས་ཡོད་པ་ཡིན། ཀ་བ་གཉིས་པ་ལ་ཡང་དེ་འདྲའི་དྲ་བ་དྲ་ཕྱེད་ཡོད་པ་ཡིན།
༡༨ སྐུ་བསྲུང་པའི་དཔོན་པོས་བླ་མ་ཆེན་པོ་སེ་ར་ཡཱ་དང་། དེའི་འོག་གི་བླ་མ་ཟེ་ཕན་ཡཱ་དང་། སྒོ་པ་མི་གསུམ་ཡང་ཁྱེར་ཏོ། ༡༩ ཡང་དེས་རྒྱལ་སའི་ནང་ནས་ཉུག་རུམ་དམག་དཔོན་གཅིག་དང་། རྒྱལ་སར་ཡོད་པའི་རྒྱལ་པོའི་ཞལ་ངོ་པ་མི་ལྔ་དང་། ཡུལ་གྱི་ལ་རྒྱ་ལ་ལྟ་མཁན་གྱི་དམག་དཔུང་གི་ཡིག་མཁན་ཆེན་པོ་དང་། རྒྱལ་སར་ཡོད་པའི་ཡུལ་པ་དྲུག་ཅུ་བཟུང་སྟེ། ༢༠ སྐུ་བསྲུང་པའི་དཔོན་པོ་ནེ་བུ་ཟར་ཨ་དཱན་གྱིས་དེ་དག་ལ་འཛིན་འཆང་བཏང་སྟེ། རིབ་ལཱ་རུ་བཱ་བེལ་རྒྱལ་པོའི་དྲུང་དུ་ཁྱེར་ཏེ། ༢༡ ཧ་མད་ཡུལ་གྱི་རིབ་ལཱ་རུ་བཱ་བེལ་རྒྱལ་པོས་དེ་དག་ལ་བརྡུངས་ནས་བསད་དོ། དེ་ལྟར་ཡ་ཧུ་དཱ་ཡང་རང་གི་ཡུལ་ནས་བཙོན་དུ་ཁྱེར་ཏོ༎
༢༢ འོན་ཀྱང་བཱ་བེལ་རྒྱལ་པོ་ནེ་བུ་ཀད་ནེ་ཙར་གྱིས་ལུས་སུ་བཅུག་སྟེ་ཡ་ཧུ་དཱའི་ཡུལ་ཁམས་ན་བསྡད་པ་རྣམས་ཀྱི་ཐོག་ཏུ། ཤཱ་ཕན་གྱི་ཚ་བོའམ། ཨ་ཧི་ཀམ་གྱི་བུ་གེ་དལ་ཡཱ་བྱ་བ་ནི་འགོ་དཔོན་དུ་བསྐོས་སོ། ༢༣ དེ་ནས་དམག་དཔོན་རྣམས་དང་། དེ་དག་གི་དམག་མི་དག་གིས། བཱ་བེལ་རྒྱལ་པོས་གེ་དལ་ཡཱ་ནི་འགོ་དཔོན་དུ་བཞག་པའི་ཧུན་ཐོས་པ་དང་། ནེ་ཐན་ཡཱའི་བུ་ཨིས་མ་ཨེལ་དང་། ཀ་རེ་ཨའི་བུ་ཡོ་ཧ་ནན་དང་། ནེ་ཏོ་ཕད་པ་ཏན་ཧུ་མེད་ཀྱི་བུ་སེ་ར་ཡཱ་དང་། མ་ཨ་ཀད་པའི་བུ་ཡ་ཨ་ཟན་ཡཱ་རྣམས་རང་གི་མི་རྣམས་དང་བཅས་སུ་མིས་པཱ་རུ་གེ་དལ་ཡཱའི་དྲུང་དུ་འོངས་པ་དང་། ༢༤ གེ་དལ་ཡཱས་དེ་དག་དང་། དེ་དག་གི་དམག་རྣམས་ལ་མནའ་སྐྱེལ་ཞིང་འདི་སྐད་དུ། ཀལ་དཱི་པའི་གཡོག་བྱེད་དུ་དངང་མ་སྐྲགས་ཤིག ཡུལ་དུ་གནས་ཏེ། བཱ་བེལ་རྒྱལ་པོའི་གཡོག་བྱེད་ན། ཁྱོད་ཅག་ལེགས་པར་འགྱུར་རོ། སྨྲས་ཀྱང་། ༢༥ ཟླ་བ་བདུན་པ་ལ་ཨེ་ལི་ཤ་མཱའི་ཚ་བོའམ། ནེ་ཐན་ཡཱའི་བུ་ཨིས་མ་ཨེལ་རྒྱལ་བརྒྱུད་ཡིན་པ་དེ་མི་བཅུ་མཉམ་དུ་ཁྲིད་ནས། གེ་དལ་ཡཱ་དང་། མིས་པཱ་རུ་དེའི་དྲུང་དུ་ཡོད་པའི་ཡ་ཧུ་དཱ་པ་དང་ཀལ་དཱི་པ་རྣམས་བསད་པ་དང་། ༢༦ མི་ཆེ་ཆུང་དང་དམག་དཔོན་རྣམས་ཀལ་དཱི་པ་ལ་འཇིགས་པས། མི་སེར་དུ་ལངས་ནས་བྲོས་སོ༎
༢༧ ཡང་ཡ་ཧུ་དཱའི་རྒྱལ་པོ་ཡོ་ཡཱ་ཀིན་བཙོན་བཟུང་བྱས་ནས་ལོ་སོ་བདུན་པའི་ཟླ་བ་བཅུ་གཉིས་པའི་ཚེས་ཉེར་བདུན་པ་ལ། བཱ་བེལ་རྒྱལ་པོ་ཨེ་ཝིལ་མེ་རོ་དག་གིས་རྒྱལ་སྲིད་བཟུང་བའི་ལོ་དང་པོར། དེས་ཡ་ཧུ་དཱའི་རྒྱལ་པོ་ཡོ་ཡཱ་ཀིན་བཙོན་ལས་ཕྱུང་སྟེ། གོ་ས་ཆེན་པོ་གནང་ནས། ༢༨ སྙིང་བརྩེ་བའི་གཏམ་གླེང་མཛད་དེ། དེ་དང་མཉམ་བཱ་བེལ་དུ་ཡོད་པའི་གཞན་རྒྱལ་པོ་དག་གི་རྒྱལ་ཁྲི་ལས་དེའི་རྒྱལ་ཁྲི་མཐོ་བར་མཛད་ནས། ༢༩ དེའི་བཙོན་གྱི་གོས་རྣམས་སྤོས་ཏེ། ཚེ་གང་པོར་ཉིན་རེ་བཞིན། རྒྱལ་པོའི་དྲུང་དུ་ཁ་ཟས་བཟས་པ་ཡིན། ༣༠ ཡང་དེའི་ཚེ་ཐོག་ཐག་ཉིན་རེ་བཞིན་རྒྱལ་པོའི་ཕྱོགས་ནས་ཆད་མེད་དུ་དེ་ལ་ཕོགས་ཐོན་པ་ཡིན་ནོ༎ ༎