༣༦
དེ་ནས་ཡུལ་མི་རྣམས་ཀྱིས་ཡོ་ཤི་ཡཱའི་སྲས་ཡོ་ཨ་ཧས་བླངས་ནས། དེའི་ཡབ་ཀྱི་མལ་དུ་ཡེ་རུ་ཤ་ལེམ་ན་རྒྱལ་པོར་བྱས་སོ། ༢ ཡོ་ཨ་ཧས་རྒྱལ་པོར་གྱུར་དུས་སུ། ལོ་ཉེར་གསུམ་ལོན་ཡོད་དེ། ཡེ་རུ་ཤ་ལེམ་ན་ཟླ་བ་གསུམ་རྒྱལ་པོ་མཛད། ༣ དེ་ནས་མི་སེར་གྱི་རྒྱལ་པོ་ཡེ་རུ་ཤ་ལེམ་དུ་འོངས་ནས། ཁོང་ཁྲི་ལས་ཕབ་སྟེ། ཡུལ་ལ་དངུལ་གྱི་རྡོ་ཚད་བརྒྱ་དང་། གསེར་གྱི་རྡོ་ཚད་གཅིག་གི་དཔྱ་ཁྲལ་བཀལ་བྱུང་། ༤ ཡང་མི་སེར་རྒྱལ་པོས་ཁོའི་གཅུང་པོ་ཨེལ་ཡཱ་ཀིམ་དེ་ཡ་ཧུ་དཱ་དང་ཡེ་རུ་ཤ་ལེམ་གྱི་རྒྱལ་པོར་བསྐོས་ནས། དེའི་མིང་སྤོས་ཏེ། ཡོ་ཡཱ་ཀིམ་བཏག་སྟེ། དེའི་གཅེན་པོ་ཡོ་ཨ་ཧས་བཟུང་ནས། མི་སེར་དུ་ཁྱེར་ཏོ༎༥ ཡོ་ཡཱ་ཀིམ་རྒྱལ་པོར་གྱུར་དུས་སུ། ལོ་ཉེར་ལྔ་ལོན་ཏེ། ཡེ་རུ་ཤ་ལེམ་ན་ལོ་བཅུ་གཅིག་རྒྱལ་སྲིད་མཛད་དེ། དེས་རང་གི་དཀོན་མཆོག་ཡ་ཧོ་ཝཱའི་སྤྱན་དྲུང་དུ་ངན་པ་ཡིན་པ་རྣམས་བྱས་པ་ལས། ༦ བཱ་བེལ་གྱི་རྒྱལ་པོ་ནེ་བུ་ཀད་ནེ་ཙར་གྱིས་དེ་ལ་དམག་དྲངས་ནས། ལྕགས་སྒྲོག་བརྒྱབས་ནས་བཱ་བེལ་དུ་ཁྱེར། ༧ ནེ་བུ་ཀད་ནེ་ཙར་གྱིས་ཡ་ཧོ་ཝཱའི་ཕོ་བྲང་གི་ཡོ་བྱད་ཀྱི་ནང་ནས་ཀྱང་འགའ་ཞིག་བཱ་བེལ་དུ་ཁྱེར་ནས། དེའི་ལྷ་ཁང་དུ་བཞག་གོ། ༨ ཡང་ཡོ་ཡཱ་ཀིམ་གྱི་གཞན་བྱ་བ་དང་། དེས་བྱས་པ་དང་། ཞེན་ལོག་གི་སྤྱོད་པ་རྣམས་ནི། ཨིས་ར་ཨེལ་དང་ཡ་ཧུ་དཱའི་རྒྱལ་རབས་ཀྱི་ནང་དུ་བྲིས་ཏེ་ཡོད། ཡང་དེའི་སྲས་ཡོ་ཡཱ་ཀིན་དེའི་མལ་དུ་རྒྱལ་པོར་གྱུར།
༩ ཡོ་ཡཱ་ཀིན་རྒྱལ་པོར་གྱུར་དུས་སུ། ལོ་བརྒྱད་ལོན་ཏེ། ཡེ་རུ་ཤ་ལེམ་ན་ཟླ་བ་གསུམ་དང་ཞག་བཅུ་རྒྱལ་སྲིད་བསྐྱང་ངོ་། དེས་ཡ་ཧོ་ཝཱའི་གཟིགས་ངོར་ངན་པ་གང་ཡིན་པ་དེ་བྱས། ༡༠ དེ་ནས་ལོ་དེ་འཁོར་བ་དང་། རྒྱལ་པོ་ནེ་བུ་ཀད་ནེ་ཙར་གྱིས་མི་བཏང་ནས། ཡ་ཧོ་ཝཱའི་ཕོ་བྲང་གི་ཡོ་བྱད་བཟང་པོ་རྣམས་དང་བཅས་སུ་ཁོ་བཱ་བེལ་དུ་ཁྱེར་ཏེ། དེའི་ནུ་བོ་ཚེ་དེག་ཡཱ་ནི་ཡ་ཧུ་དཱ་དང་ཡེ་རུ་ཤ་ལེམ་གྱི་རྒྱལ་པོར་བསྐོས་སོ༎
༡༡ ཚེ་དེག་ཡཱ་རྒྱལ་པོར་གྱུར་དུས་སུ། ལོ་ཉེར་གཅིག་ལོན་ཏེ། ཡེ་རུ་ཤ་ལེམ་དུ་ལོ་བཅུ་གཅིག་རྒྱལ་སྲིད་བསྐྱངས་སོ། ༡༢ དེས་ཡ་ཧོ་ཝཱ་རང་གི་དཀོན་མཆོག་གི་སྤྱན་དྲུང་དུ་ངན་པ་གང་ཡིན་པ་བྱས་ཏེ། ཡ་ཧོ་ཝཱའི་ཞལ་གྱི་གསུང་གླེང་བའི་ལུང་སྟོན་པ་ཡེ་རེམ་ཡཱའི་དྲུང་དུ་གུས་པ་མ་བྱས་པར།
༡༣ དཀོན་མཆོག་གི་མནའ་སྐྱེལ་དུ་བཅུག་པའི་རྒྱལ་པོ་ནེ་བུ་ཀད་ནེ་ཙར་ལ་ཡང་ངོ་ལོག་ནས། གཉའ་རེངས་བྱས་ཏེ། སྙིང་མཁྲེགས་པར་བྱས་ཏེ། ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གི་ཕྱོགས་སུ་མ་འཁོར་ཏོ། ༡༤ དེའི་སྟེང་དུ་བླ་མ་རྣམས་ཀྱི་འགོ་བྱེད་དང་། མི་སྡེ་ཚང་མས་ཕྱི་པའི་ཞེན་ལོག་གི་བྱ་བ་ཐམས་ཅད་ཀྱི་དཔེར་འབྲངས་ནས། སྡིག་པ་ཚབས་ཆེ་བ་བྱས་ཏེ། ཡ་ཧོ་ཝཱས་ཡེ་རུ་ཤ་ལེམ་ན་དམ་པར་མཛད་པའི་ཕོ་བྲང་དེ་མི་གཙང་བར་བྱས་པ་དང་། ༡༥ དེ་ཚོའི་ཕ་མེས་ཀྱི་དཀོན་མཆོག་ཡ་ཧོ་ཝཱས་ཉིད་ཀྱི་མི་སྡེ་དང་བཞུགས་གནས་དམ་པའི་དོན་དུ་ཐུགས་བརྩེ་བའི་དགོངས་པ་འཁྲུངས་པས། སྔ་གསར་བཞེངས་ནས་ཉིད་ཀྱི་ལུང་སྟོན་པ་རྣམས་དེ་དག་གི་རྩར་ཡང་དང་ཡང་དུ་སྩལ་མོད། ༡༦ དེ་དག་གིས་དཀོན་མཆོག་གི་ལུང་སྟོན་པ་རྣམས་ལ་འཕྱས་ཏེ། ཁོང་གི་བཀའ་མཆིད་རྣམས་ལ་མ་བརྩིས། ཁོང་གི་ལུང་སྟོན་པ་དག་ལ་ཁྲེལ་བས། བྱ་ཐབས་ཟད་ནས། ཉིད་ཀྱི་མི་སྡེ་ལ་ཡ་ཧོ་ཝཱའི་ཐུགས་ཁྲོ་བཞེངས་པས།
༡༧ ཁོང་གིས་དེ་དག་གི་ཐོག་ཏུ་ཀལ་དཱི་པའི་རྒྱལ་པོ་སྦྲན་པ་དང་། དེ་དག་གི་གཙང་ཁང་གི་ཕོ་བྲང་གི་ནང་དུ་དེ་དག་གི་གཞོན་ནུ་རྣམས་རལ་གྲིས་བསད་ནས། གཞོན་ནུ་དང་། ན་ཆུང་དང་། རྒད་པོ་དང་། ཤིན་ཏུ་རྒས་པ་ལ་ཡང་སྙིང་རྗེ་མ་བྱས། ཁོང་གིས་ཐམས་ཅད་དེའི་ལག་ཏུ་བཏད་པ་ཡིན། ༡༨ དེས་དཀོན་མཆོག་གི་ཕོ་བྲང་གི་ཡོ་བྱད་ཆེ་ཆུང་ཚང་མ་དང་། ཡ་ཧོ་ཝཱའི་ཕོ་བྲང་གི་དཀོར་མཛོད་རྣམས་དང་། རྒྱལ་པོ་དང་དེའི་སྐུ་དྲག་གི་གཏེར་མཛོད་ཀྱི་ནོར་ཐམས་ཅད་བཱ་བེལ་དུ་ཁྱེར། ༡༩ དཀོན་མཆོག་གི་ཕོ་བྲང་དེ་མེས་བསྲེགས། ཡེ་རུ་ཤ་ལེམ་གྱི་ལྕགས་རི་བཤིག དེའི་ནང་ན་ཡོད་པའི་ཁང་པ་ཀུན་མེས་བསྲེགས། བཟང་ནོར་ཚང་མ་མེད་པར་བྱས། ༢༠ རལ་གྲི་ལས་ཐར་པ་རྣམས་བཟུང་སྟེ། བཱ་བེལ་དུ་ཁྱེར་ནས། ཏ་ཟིག་གི་རྒྱལ་སྲིད་འབྱུང་པའི་བར་དུ། དེ་དག་ནི་དེ་དང་དེའི་སྲས་རྣམས་ཀྱི་བྲན་པོར་ལུས་པ་ཡིན། ༢༡ ཡུལ་ཁམས་ནི་རང་གི་ཤབ་བཱད་རྣམས་ཀྱི་ཕྱིར་དགའ་མགུ་བྱས་ཤིང་། ཡ་ཧོ་ཝཱས་ཡེ་རེམ་ཡཱའི་ངག་གི་སྒོ་ནས་གསུངས་པ་དེ་འགྲུབ་པའི་བར་དུ་དེ་ལྟར་བྱུང་པ་ཡིན། གང་ལ་ཞེ་ན། ལོ་བདུན་ཅུ་རྫོགས་རིང་བར་དུ། ཡུལ་ཁམས་སྟོངས་ཏེ་ལུས་དུས་སུ། ཤབ་བཱད་བསྲུངས་པ་ཡིན་ནོ༎
༢༢ དེ་ནས་ཏ་ཟིག་རྒྱལ་པོ་ཀོ་རེས་ཀྱི་ལོ་དང་པོར། ཡ་ཧོ་ཝཱས་ཡེ་རེམ་ཡཱའི་ངག་གི་སྒོ་ནས་གསུངས་པ་དེ་སྒྲུབ་པའི་དོན་དུ། ཡ་ཧོ་ཝཱས་ཏ་ཟིག་གི་རྒྱལ་པོ་ཀོ་རེས་ཀྱི་སྙིང་སྐུལ་བར་མཛད་དེ། དེས་རང་གི་མངའ་འོག་ཀུན་ཏུ་དྲིལ་བསྒྲགས་ནས། ཡི་གེའི་ནང་འདི་ལྟ་སྟེ།
༢༣ ཏ་ཟིག་རྒྱལ་པོ་ཀོ་རེས་ཀྱིས་འདི་ལྟར་གསུང་། ནམ་མཁའི་དཀོན་མཆོག་ཡ་ཧོ་ཝཱས་ས་གཞིའི་རྒྱལ་ཁམས་ཐམས་ཅད་ང་ལ་གནང་བྱུང་། ཡང་ཁོང་གིས་ང་ལ། ཡ་ཧུ་དཱའི་ཡེ་རུ་ཤ་ལེམ་དུ་ཁོང་གི་ཕྱིར་ཕོ་བྲང་ཞིག་བཞེང་དུ་བཀའ་གནང་བས། ཁྱོད་ཅག་གི་ཁྲོད་ན་ཡོད་པའི་ཁོང་གི་མི་སྡེ་ཚང་མ་དེར་འགྲོ་བའི་རིགས་ཏེ། ཡ་ཧོ་ཝཱ་དེའི་དཀོན་མཆོག་མི་སྡེ་དང་འགྲོགས་པར་ཤོག་ཅིག་ཅེས་བྲིས་བཏང་ངོ་༎ ༎