༣༥
དེ་མ་ཟད། ཡོ་ཤི་ཡཱས་ཡེ་རུ་ཤ་ལེམ་ན་ཡ་ཧོ་ཝཱའི་ཆེད་དུ་པེ་སག་གི་དུས་ཆེན་བྱས་ཏེ། ཟླ་བ་དང་པོའི་ཚེས་བཅུ་བཞི་པར་པེ་སག་གི་ལུག་གུ་བསད་དོ།  ཡང་ཁོང་གིས་བླ་མ་རྣམས་རང་རང་སོ་སོའི་ལས་ལ་བསྐོས་ནས། དེ་ཚོར་ཡ་ཧོ་ཝཱའི་ཕོ་བྲང་ལ་ཞབས་ཏོག་བྱེད་དུ་རུས་བཅུག་སྟེ།  ཡ་ཧོ་ཝཱའི་དོན་དུ་དམ་པར་བྱས་ནས། ཨིས་ར་ཨེལ་པ་ཀུན་ལ་ཆོས་སྟོན་པའི་ལེ་ཝི་པ་རྣམས་ལ་རྒྱལ་པོས། ད་ཁྱོད་ཅག་གིས་སྒྲོམ་དམ་པ་དེ་དཱ་བིད་ཀྱི་སྲས་ཨིས་ར་ཨེལ་གྱི་རྒྱལ་པོ་ཤ་ལོ་མོས་བཞེངས་པའི་ཕོ་བྲང་གི་ནང་དུ་ཆུག་ཅིག ཕྱིན་ཆད་དུ་ཁྱོད་ཅག་གི་གཉའ་བ་ལ་ཁུར་འཕོག་པར་མི་འགྱུར། ཡང་ཁྱོད་ཚོས་ཡ་ཧོ་ཝཱ་རང་གི་དཀོན་མཆོག་དང་། ཁོང་གི་མི་སྡེ་ཨིས་ར་ཨེལ་ལ་ཞབས་ཏོག་གྱིས་ཤིག  ཨིས་ར་ཨེལ་གྱི་རྒྱལ་པོ་དཱ་བིད་དང་། ཁོང་གི་སྲས་ཤ་ལོ་མོས་བྲིས་ཏེ་ཡོད་པ་དང་བསྟུན་ཏེ། ཕ་སྤད་སོ་སོའི་རེས་ཚིར་བཞིན་དུ་རང་གི་ཞབས་ཏོག་གྱིས་ཤིག་དང་།  ཁྱོད་རྣམས་རང་གི་སྤུན་གྱི་ཕ་སྤད་ཀྱི་སྡེ་བཞིན་དུ་ལངས་ཏེ། ལེ་ཝི་པ་རྣམས་ཀྱི་བརྒྱུད་ཀྱི་སྡེ་བཞིན་དུ་དམ་པའི་གནས་སུ་འགྲེང་ཞིང་སྡོད་ཅིག  ཡང་རང་ལ་གཙང་སྦྲ་བྱས་ནས། པེ་སག་གི་ལུག་གུ་བསད་དེ། ཡ་ཧོ་ཝཱས་མོ་ཤེའི་ངག་གི་སྒོ་ནས་བསྒོ་བ་ལྟར། རང་གི་སྤུན་རྣམས་ལ་དུས་ཆེན་བྱེད་དུ་ཤོམས་ཤིག་ཅེས་གསུངས་སོ༎
 ཡོ་ཤི་ཡཱས་པེ་སག་གི་མཆོད་པའི་ཕྱིར་དེར་འཛོམས་པའི་ཆོས་ཚོགས་ལ་རྒྱལ་པོའི་ནོར་གྱི་ནང་ནས་གླང་སྟོང་ཕྲག་གསུམ་དང་། ལུ་གུ་དང་རི་གུ་དང་བཅས་སུ་ཁྲི་གསུམ་རང་གི་ཁྱུའི་ནང་ནས་བྱིན་པས།  ཡང་ཁོང་གི་སྐུ་དྲག་རྣམས་ཀྱིས་མི་སྡེ་དང་། བླ་མ་དང་། ལེ་ཝི་པ་རྣམས་ལ་སེམས་འཐད་དེ་བྱིན་ཏེ། དཀོན་མཆོག་གི་ཕོ་བྲང་གི་འགོ་པ་ཧིལ་ཀི་ཡཱ་དང་། ཟ་ཀར་ཡཱ་དང་། ཡེ་ཧི་ཨེལ་གསུམ་གྱིས་བླ་མ་རྣམས་ལ་པེ་སག་གི་མཆོད་པའི་ཕྱིར། ར་ལུག་སྟོང་གཉིས་དང་དྲུག་བརྒྱ་དང་། གླང་གསུམ་བརྒྱ་བྱིན་ཏེ།  ཀོ་ནན་ཡཱ་དང་། དེའི་སྤུན་ཤེ་མ་ཡཱ་དང་། ནེ་ཐན་ཨེལ་དང་། ལེ་ཝི་པའི་འགོ་དཔོན་ཧ་ཤབ་ཡཱ་དང་། ཡེ་ཧི་ཨེལ་དང་། ཡོ་ཟ་བད་དང་དྲུག་གིས། ལེ་ཝི་པ་རྣམས་ལ་པེ་སག་གི་ཕྱིར་ར་ལུག་སྟོང་ལྔ་དང་། གླང་ལྔ་བརྒྱ་བྱིན་ཏོ༎
༡༠ དེ་ལྟར་དཀོན་མཆོག་ལ་རིམ་གྲོ་བྱེད་པའི་ཆས་བཤམས་ནས། རྒྱལ་པོའི་བཀའ་བཞིན་དུ། བླ་མ་རྣམས་རེ་རང་གི་མལ་དང་། ལེ་ཝི་པ་རྣམས་རང་གི་རེས་ཚིར་ལྟར་འགྲེང་ཞིང་བསྡད་དེ། ༡༡ པེ་སག་གི་ལུ་གུ་བསད་ནས། བླ་མ་དག་གིས་དེ་ཚོའི་ལག་ནས་ཁྲག་བླངས་ཏེ་གཏོར་ཏོ། ལེ་ཝི་པ་རྣམས་ཀྱིས་པགས་པ་བཤུས་སོ། ༡༢ ཡང་མོ་ཤེའི་མདོ་ན་བྲིས་པ་ལྟར། མི་སྡེ་ཡི་ཕ་སྤད་ཀྱི་སྡེ་སོ་སོ་བཞིན་དུ། ཡ་ཧོ་ཝཱ་ལ་འབུལ་དུ། སྦྱིན་སྲེག་གི་མཆོད་པ་ལས་བྱིན་ནས། དེ་བཞིན་དུ་གླང་རྣམས་ལས་ཀྱང་བྱིན་ཏེ། ༡༣ པེ་སག་གི་ལུ་གུ་ནི་ཚུལ་ཁྲིམས་བཞིན་དུ་མེ་ལ་བསྲེགས། གཞན་མཆོད་པ་དམ་པ་རྣམས་ཟངས་བུ་དང་། ཚོགས་ཟངས་དང་། ལྕགས་ཟངས་ནང་བཙོས་ནས། མི་ཐམས་ཅད་ལ་མྱུར་དུ་བྲིམས་ཏེ། ༡༤ དེའི་འོག་ཏུ་དེ་དག་རང་དང་བླ་མའི་ཕྱིར་དུ་གཡོས། གང་ལ་ཞེ་ན། ཨ་རོན་གྱི་བུ་བླ་མ་རྣམས་སྦྱིན་སྲེག་གི་མཆོད་པ་དང་ཚིལ་འབུལ་དུ། མཚན་མོའི་བར་དུ་ལས་བྱེད་དེ། ལེ་ཝི་པས་རང་དང་ཨ་རོན་གྱི་བུ་བརྒྱུད་ཀྱི་བླ་མ་རྣམས་ཀྱི་ཕྱིར་བཙོས་པ་ཡིན། ༡༥ ཡང་ཨ་སབ་ཀྱི་བུ་གླུ་མཁན་རྣམས། དཱ་བིད་དང་། ཨ་སབ་དང་། ཧེ་མཱན་དང་། རྒྱལ་པོའི་མངོན་བཤེས་པ་ཡེ་དུ་ཐུན་བཞིའི་བཀའ་བཞིན་དུ། དེ་རང་གི་གནས་སུ་འགྲེང་ཞིང་བསྡད། སྒོ་པ་རྣམས་སྒོ་རེའི་དྲུང་དུ་ཡོད་པ་ཡིན། དེ་རྣམས་རང་གི་ལས་ཚིར་ལས་ཡལ་མ་ཆོག་པས། དེ་དག་གི་སྤུན་ལེ་ཝི་པས་དེ་དག་གི་ཕྱིར་ཤ་བཙོས་པ་ཡིན།
༡༦ དེ་ལྟར་ཉིན་མོ་དེ་ཉིད་དུ་རྒྱལ་པོ་ཡོ་ཤི་ཡཱའི་བཀའ་བཞིན་དུ། པེ་སག་བྱེད་པ་དང་། ཡ་ཧོ་ཝཱའི་མཆོད་ཁྲི་ལ་སྦྱིན་སྲེག་འབུལ་བའི་ཡ་ཧོ་ཝཱའི་རིམ་གྲོ་ཐམས་ཅད་ཀྱི་སྟ་གོན་བྱས་ཏེ། ༡༧ དེར་ཡོད་པའི་ཨིས་ར་ཨེལ་གྱི་བུ་བརྒྱུད་ཀྱིས་དེའི་དུས་སུ་པེ་སག་དང་། རུ་མ་མེད་པའི་བག་ལེབ་ཀྱི་དུས་ཆེན་ཞག་བདུན་བྱས་སོ། ༡༨ ལུང་སྟོན་པ་ཤ་མུ་ཨེལ་གྱི་དུས་མན་ཆད་དུ་དེ་འདྲའི་པེ་སག་ཅིག་ཨིས་ར་ཨེལ་པས་མ་བྱས་སོ། ཡོ་ཤི་ཡཱ་དང་། བླ་མ་དང་། ལེ་ཝི་པ་དང་། འཛོམས་པའི་ཡ་ཧུ་དཱ་དང་ཨིས་ར་ཨེལ་པ་དང་། ཡེ་རུ་ཤ་ལེམ་པས་བྱས་པའི་པེ་སག་དེ་ལྟ་བུ་ཞིག ཨིས་ར་ཨེལ་གྱི་རྒྱལ་པོ་གང་གིས་ཀྱང་མ་བྱས་པ་ཡིན། ༡༩ ཡོ་ཤི་ཡཱའི་རྒྱལ་སྲིད་ཀྱི་ལོ་བཅོ་བརྒྱད་པར་པེ་སག་དེ་བྱས་པ་ཡིན།
༢༠ དེ་ཀུན་གྱི་མཐར། ཡོ་ཤི་ཡཱས་མཆོད་ཁང་གི་གྲལ་བྱས་ཟིན་པའི་ཚེ། མི་སེར་རྒྱལ་པོ་ནེ་ཀོ་བྱ་བས་གཙང་པོ་ཡུབ་རཱད་ཀྱི་འགྲན་ན་ཡོད་པའི་ཀར་ཀེ་མིས་ལ་དམག་དྲངས་པ་དང་། ཡོ་ཤི་ཡཱ་ཁོ་ལ་འཐབ་ཏུ་ཐོན་པ། ༢༡ དེས་འདི་ལ་ཕོ་ཉ་བཏང་ནས། ང་ལ་ཁྱེད་ཡ་ཧུ་དཱའི་རྒྱལ་པོ་དང་འདྲེས་པའི་ལས་ཅི་ཡོད། དེ་རིང་ང་ཁྱོད་ལ་འཐབ་ཏུ་མ་འོངས་ཀྱིས། ངས་གང་ལ་དམག་འདྲེན་པའི་ཁྱིམ་ལ་འཐབ་ཏུ་འོངས་པ་ཡིན་ཏེ། དཀོན་མཆོག་གིས་ང་ལ་མྱུར་དུ་བྱེད་པར་བཀའ་གནང་བས། ང་དང་མཉམ་དུ་ཡོད་པའི་དཀོན་མཆོག་དང་མ་འགྲན་ཞིག འགྲན་ན། ཁོང་གིས་ཁྱོད་གསད་དོ། སྨྲས་ཏེ་ཕྲིན་བསྐུར་ཀྱང་། ༢༢ ཡོ་ཤི་ཡཱས་དེ་ལས་རང་གི་ཁ་ལོ་མ་བསྒྱུར་བར། དེ་ལ་འཐབ་ཏུ་ཆས་བསྒྱུར་ཏེ། དཀོན་མཆོག་གི་ཞལ་ལས་བྱུང་བའི་ནེ་ཀོའི་གཏམ་ལ་མ་ཉན་པར། མེ་གིད་དོའི་ལུང་པར་འཐབ་ཏུ་སོང་བ་ལས། ༢༣ མདའ་པ་རྣམས་ཀྱིས་རྒྱལ་པོ་ཡོ་ཤི་ཡཱ་ལ་མདའ་བརྒྱབས་པས། རྒྱལ་པོས་ཕྱག་ཕྱི་རྣམས་ལ། ང་མང་དུ་སྣད་པས། ཕར་ཁྱེར་ཞིག་བསྒོ་བ་དང་། ༢༤ དེའི་ཕྱག་ཕྱི་རྣམས་ཀྱིས་ཤིང་རྟ་དེ་ལས་ཁོང་བཏོན་ནས། གཞན་ཤིང་རྟ་ལ་བསྐྱོན་ནས། ཡེ་རུ་ཤ་ལེམ་དུ་ཁྱེར་ཏེ། ཁོང་གྲོངས་ནས། དེའི་ཕ་མེས་རྣམས་ཀྱི་སྤུར་ཁང་ཞིག་གི་ནང་དུ་བསྐུངས་སོ། དེར་ཡ་ཧུ་དཱ་དང་ཡེ་རུ་ཤ་ལེམ་གྱི་མི་ཀུན་གྱིས་ཡོ་ཤི་ཡཱའི་ཕྱིར་མྱ་ངན་བྱས་སོ། ༢༥ ཡང་ཡེ་རེམ་ཡཱས་ཡོ་ཤི་ཡཱའི་དོན་དུ་སྡུག་གླུ་བཞེས་པས། གླུ་ལེན་པའི་ཕོ་མོས་དེ་རིང་གི་བར་དུ་རང་གི་སྡུག་གླུའི་ནང་དུ་ཡོ་ཤི་ཡཱ་དྲན་ཏེ། དེ་རྣམས་ཨིས་ར་ཨེལ་གྱི་ནང་དུ་ཁྲིམས་སུ་ལེན་རྒྱུ་བྱས་ཏེ། དེ་རྣམས་སྡུག་གླུའི་མདོར་བྲིས་ཏེ་ཡོད། ༢༦ ད་ཡོ་ཤི་ཡཱའི་གཞན་བྱ་བ་དང་། ཡ་ཧོ་ཝཱའི་བཀའ་ཁྲིམས་ན་བྲིས་ཏེ་ཡོད་པ་བཞིན་དུ། དེས་མཛད་པའི་ཕྲིན་ལས་རྣམས་དང་། ༢༧ དེའི་བྱ་བ་སྔ་ཕྱི་རྣམས་ནི། ཡ་ཧུ་དཱ་དང་ཨིས་ར་ཨེལ་གྱི་རྒྱལ་རབས་ཀྱི་མདོའི་ནང་ན་བྲིས་ཏེ་ཡོད༎