༣༤
ཡོ་ཤི་ཡཱ་ལོ་བརྒྱད་ལོན་པའི་ཚེ། རྒྱལ་སྲིད་བཟུང་ནས། ཡེ་རུ་ཤ་ལེམ་དུ་ལོ་སུམ་ཅུ་སོ་གཅིག་རྒྱལ་སྲིད་མཛད་དོ། ༢ དེས་ཡ་ཧོ་ཝཱའི་གཟིགས་ངོར་གང་རིགས་པ་ཡིན་པ་དེ་མཛད་དེ། ཡབ་མེས་དཱ་བིད་ཀྱི་ལམ་རྣམས་ནང་དོང་སྟེ། གཡས་གཡོན་གང་དུའང་མ་བྱོལ་ཏོ༎༣ དེས་རྒྱལ་སྲིད་འཛིན་པའི་ལོ་བརྒྱད་པར། ད་དུང་ཕྲུ་གུ་ཡོད་དུས་སུ། ཡབ་མེས་དཱ་བིད་ཀྱི་དཀོན་མཆོག་འཚོལ་བར་བརྩམས་ནས། ལོ་བཅུ་གཉིས་པ་ནས་ཡ་ཧུ་དཱ་དང་ཡེ་རུ་ཤ་ལེམ་གྱི་ནང་ནས་མཐོ་གླིང་དང་། ཨ་ཤེ་རཱ་དང་། བཙོག་སྐུ་དང་། བླུགས་སྐུ་ཐམས་ཅད་མེད་པར་བྱེད་ཀྱིན་གཙང་དག་བྱེད་དུ་ཚུགས་པ་དང་། ༤ མི་རྣམས་ཀྱིས་དེའི་ངོས་སུ་བ་ཨ་ལིམ་གྱི་མཆོད་ཁྲི་རྣམས་བཤིག དེ་དག་གི་གོང་ན་ཡོད་པའི་འདྲ་སྐུ་རྣམས་བཅག ཨ་ཤེ་རཱ་དང་། བཙོག་སྐུ་དང་། བླུགས་སྐུ་རྣམས་སིལ་བུར་བཅག་ནས། ཕྱེ་མར་བཏགས་ཏེ། དེ་དག་ལ་མཆོད་པ་ཕུལ་བའི་དུར་ཁུང་རྣམས་ཀྱི་ཐོག་ཏུ་གཏོར། ༥ བླ་མ་རྣམས་ཀྱི་རུས་པ་ནི་དེ་དག་གི་མཆོད་ཁྲིའི་ཁར་བསྲེགས་ནས། ཡ་ཧུ་དཱ་དང་ཡེ་རུ་ཤ་ལེམ་གཙང་བར་བྱས། ༦ དེ་བཞིན་དུ་དེས་མ་ན་ཤེ་དང་། ཨེབ་ར་ཨིམ་དང་། ཤིམ་ཨོན་གྱི་གྲོང་ཁྱེར་རྣམས་དང་། ནབ་ཐ་ལི་དང་། དེའི་ཁང་གོག་དང་། ཡུལ་འཁོར་གྱི་བར་དུ་ཡང་བྱས་སོ། ༧ མཆོད་ཁྲི་རྣམས་བཤིག་སྟེ། ཨ་ཤེ་རཱ་རྣམས་བཅད་དེ། བཙོག་སྐུ་རྣམས་བཀྲལ་ནས། ཨིས་ར་ཨེལ་ཡུལ་ཀུན་ཏུ་ཉི་མའི་སྐུ་འདྲ་རྣམས་བཅག་སྟེ། ཡེ་རུ་ཤ་ལེམ་དུ་ལོག་སོང་སོ༎
༨ དེ་ནས་དེའི་རྒྱལ་སྲིད་ཀྱི་ལོ་བཅོ་བརྒྱད་པར། ཡུལ་ཁམས་དང་མཆོད་ཁང་གཙང་བར་མཛད་ཟིན་པ་དང་། དེས་ཨ་ཙལ་ཡཱའི་བུ་ཤཱ་ཕན་དང་། གྲོང་དཔོན་མ་ཨ་སེ་ཡཱ་དང་། ཡོ་ཨ་ཧས་ཀྱི་བུ་ཡིག་དཔོན་ཡོ་ཨ་གསུམ་པོ། རང་གི་དཀོན་མཆོག་ཡ་ཧོ་ཝཱའི་ཕོ་བྲང་གི་བཞིག་སོས་བྱེད་དུ་བཏང་ནས། ༩ བླ་མ་ཆེན་པོ་ཧིལ་ཀི་ཡཱའི་དྲུང་དུ་ཕྱིན་པ་དང་། ལེ་ཝི་པ་སྒོ་པ་རྣམས་ཀྱིས་མ་ན་ཤེ་དང་། ཨེབ་ར་ཨིམ་དང་། ཨིས་ར་ཨེལ་པ་གཞན་ཕྱི་ལུས་ཚང་མ་དང་། ཡ་ཧུ་དཱ་དང་། བེན་ཡ་མིན་དང་། ཡེ་རུ་ཤ་ལེམ་གྱི་ཡུལ་མི་ལས་བསྡུས་པའི་དངུལ་དཀོན་མཆོག་གི་ཕོ་བྲང་ལ་ཕུལ་བ་རྣམས་དེ་གསུམ་ལ་བཏད་པ་ལས། ༡༠ དེ་དག་གིས་ཡ་ཧོ་ཝཱའི་ཕོ་བྲང་ལ་བལྟ་བའི་ལས་བྱེད་པའི་ལག་ཏུ་བཏད་ནས། དེ་དག་གིས་ཕོ་བྲང་ལ་བཞིག་སོས་བྱེད་ཅིང་རྩིག་པའི་ཕྱིར་དུ་ཡ་ཧོ་ཝཱའི་ཕོ་བྲང་ན་ལས་བྱེད་པའི་ལག་ཤེས་རྣམས་ཀྱི་ལག་ཏུ་བཏད་དོ། ༡༡ དེ་དག་གིས་ཡ་ཧུ་དཱའི་རྒྱལ་པོ་རྣམས་ཀྱིས་བཤིག་པའི་ཕོ་བྲང་རྣམས་རྩིག་པའི་ཕྱིར་བཟོ་བཏོན་ཡོད་པའི་རྡོ་བ་དང་། ཕོ་བྲང་གི་ཐོག་འགེབས་པ་དང་འཐུད་པའི་ཕྱིར་གདུང་མ་ཉོ་རུ། ཤིང་མཁན་དང་རྩིག་དཔོན་ལ་བཏང་ནས། ༡༢ མི་དེ་དག་གིས་སེམས་དྲང་པོ་ནས་ལས་བྱས། དེ་དག་གི་ལས་དཔོན་མེ་རཱ་རིའི་བུ་བརྒྱུད་ལས་ཡ་ཧད་དང་ཨོ་བད་ཡཱ་གཉིས་དང་། ཀོ་ཧད་ཀྱི་བུ་བརྒྱུད་ལས་ཟ་ཀར་ཡཱ་དང་མེ་ཤུལ་ལམ་བྱ་བའི་ལེ་ཝི་པ་གཉིས་ཡིན་ཏེ། ལེ་ཝི་པ་དེ་ཐམས་ཅད་རོལ་མོ་འཁྲོལ་བར་མཁས་པ་ཡོད་པ་ཡིན། ༡༣ ཡང་དེ་དག་གིས་ཁུར་པ་དང་། ཞབས་ཏོག་གི་ལས་གང་རུང་བྱེད་པ་དག་ལའང་བལྟས། ལེ་ཝི་པའི་ནང་ནས་དྲུང་ཡིག་དང་། འགོ་པ་དང་། སྒོ་པ་ཡང་ཡོད་པ་ཡིན།
༡༤ དེ་དག་གིས་ཡ་ཧོ་ཝཱའི་ཕོ་བྲང་ལ་ཕུལ་བའི་དངུལ་ཕྱུང་དུས་སུ། བླ་མ་ཧིལ་ཀི་ཡཱ་ལ་མོ་ཤེས་བྲིས་པའི་ཡ་ཧོ་ཝཱའི་བཀའ་ཁྲིམས་ཀྱི་མདོ་དེ་བརྙེད་བྱུང་བ་དང་། ༡༥ ཧིལ་ཀི་ཡཱས་ཡིག་མཁན་ཤཱ་ཕན་ལ་གཏམ་བྱེད་ཅིང་དེ་ལ། ང་ལ་ཡ་ཧོ་ཝཱའི་ཕོ་བྲང་ནས་བཀའ་ཁྲིམས་ཀྱི་མདོ་བརྙེད་བྱུང་སྨྲས་ནས། ཧིལ་ཀི་ཡཱས་མདོ་དེ་ཤཱ་ཕན་གྱི་ལག་ཏུ་བཏད། ༡༦ ཤཱ་ཕན་གྱིས་མདོ་དེ་རྒྱལ་པོའི་དྲུང་དུ་ཕུལ་ནས་རྒྱལ་པོ་ལ། ཁྱེད་ཀྱིས་བྲན་དག་གི་ལག་ཏུ་བཅོལ་བའི་ལས་ནི་དེ་དག་གིས་བྱེད་དེ། ༡༧ ཡ་ཧོ་ཝཱའི་ཕོ་བྲང་ལས་བརྙེད་པའི་དངུལ་དེ་དག་གིས་བསྡུས་ནས། ལས་དཔོན་དང་ལག་ཤེས་རྣམས་ཀྱི་ལག་པར་བཏད་པ་ཡིན་ཞུས་སོ། ༡༨ ཡང་ཡིག་མཁན་ཤཱ་ཕན་གྱིས་རྒྱལ་པོ་ལ། བླ་མ་ཧིལ་ཀི་ཡཱས་ང་ལ་མདོ་འདི་གནང་བྱུང་བཤད་པས། ཤཱ་ཕན་གྱིས་རྒྱལ་པོའི་དྲུང་དུ་དེའི་ནང་ནས་བཀླགས་སོ༎
༡༩ ཡང་རྒྱལ་པོས་བཀའ་ཁྲིམས་ཀྱི་གསུང་རྣམས་ཐོས་པར་ཙམ་གྱིས། རང་གི་གོས་བཤགས་ཏེ། ༢༠ རྒྱལ་པོ་ཧིལ་ཀི་ཡཱ་དང་། ཤཱ་ཕན་གྱི་བུ་ཨ་ཧི་ཀམ་དང་། མི་ཀཱ་ཡི་བུ་ཨབ་དོན་དང་། ཡིག་མཁན་ཤཱ་ཕན་དང་། རྒྱལ་པོའི་ཞབས་ཕྱི་ཨ་ས་ཡཱ་དང་མི་ལྔ་ལ་བཀའ་སྩལ་པ། ༢༡ སོང་ལ། ང་རང་དང་། ཨིས་ར་ཨེལ་དང་། ཡ་ཧུ་དཱ་རུ་ལུས་པའི་མི་རྣམས་ཀྱི་དོན་དུ། བརྙེད་བྱུང་བའི་མདོ་ལ་རག་ལས་ཏེ་ཐུགས་བརྟག་ཞུས་ཤིག དེ་ཅིའི་ཕྱིར་ཞེ་ན། འོ་སྐོལ་གྱི་ཕ་མེས་རྣམས་ཀྱིས་མདོ་འདི་ན་བྲིས་པ་ཐམས་ཅད་སྒྲུབ་ཏུ། ཡ་ཧོ་ཝཱའི་བཀའ་དེ་ཡིད་ལ་མ་བཅངས་པས། འོ་སྐོལ་གྱི་ཁར་ཡ་ཧོ་ཝཱའི་ཐུགས་ཁྲོ་ཆེན་པོ་ཞིག་བབས་པ་ཡིན། གསུངས་པ་དང་།
༢༢ ཧིལ་ཀི་ཡཱ་དང་། རྒྱལ་པོས་བཀའ་གནང་བའི་མི་རྣམས་ཤལ་ལུམ་གྱི་ཆུང་མ་ལུང་སྟོན་མ་ཧུལ་དཱ་གང་ན་བར་ཕྱིན་ཏོ། ཤལ་ལུམ་ནི་ཏིག་ཝཱའི་བུ། དེ་ནི་གོས་ཁང་གི་གཉེར་པ་ཧས་རཱའི་བུའོ། མོ་དེ་ནི་ཡེ་རུ་ཤ་ལེམ་གྱི་ཡིག་ཚང་ཞིག་གི་ནང་ན་གནས་པ་ཡིན། ༢༣ མོས་དེ་དག་ལ། ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གིས་འདི་ལྟར་གསུང་། ཁྱེད་ཚོ་ངའི་རྩར་བཏང་བའི་མི་དེ་ལ་འདི་སྐད་སྦྲོན་ཞིག ༢༤ ཡ་ཧོ་ཝཱས་འདི་ལྟར་གསུང་། ལྟོས་དང་། ངས་གནས་འདི་དང་། འདིའི་ནང་ན་གནས་པའི་ཡུལ་མིའི་ཐོག་ཏུ། རྐྱེན་ངན་དང་། ཡ་ཧུ་དཱའི་རྒྱལ་པོའི་དྲུང་དུ་བཀླགས་པའི་མདོའི་ནང་དུ་བྲིས་པའི་དམོད་བོར་ཡོད་པ་ཐམས་ཅད་འབེབས་པར་བྱ། ༢༥ དེ་ཅིའི་ཕྱིར་ཞེ་ན། དེ་ཚོས་ཁོ་བོ་དོར་ནས། རང་གི་ལག་པས་བྱས་པའི་ལས་ཀུན་གྱིས་ངའི་ཐུགས་ཁྲོ་དཀྲུག་ཏུ་ལྷ་གཞན་རྣམས་ལ་བསངས་བཏང་བས་ན། གནས་འདི་ལ་ངའི་ཁོང་ཁྲོ་འབར་ཞིང་ཞི་བར་མི་འགྱུར་རོ། ༢༦ དེ་བས་ན་ད་ཁྱོད་ཚོ་ཡ་ཧོ་ཝཱ་ལས་བརྟག་པ་ཞུ་བར་གནང་བའི་ཡ་ཧུ་དཱའི་རྒྱལ་པོ་ལ་འདི་སྐད་སྨྲོས་ཤིག ཁྱེད་ཀྱིས་ཐོས་པའི་བཀའི་སྐོར་དུ། ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གིས་འདི་སྐད་གསུང་། ༢༧ ཁྱོད་ཀྱིས་གནས་འདི་དང་། འདིའི་སྐོར་དུ་ངའི་བཀའ་ཐོས་པར་ཙམ་གྱིས། ཁྱོད་ཀྱི་སྙིང་འབོལ་མོ་བྱས་ཏེ། དཀོན་མཆོག་གི་དྲུང་དུ་སྙེམས་ཆུང་གིས། ངའི་དྲུང་དུ་གུས་སེམས་བསྐྱེད་དེ། གོས་ཧྲལ་ནས། ངའི་དྲུང་དུ་ངུས་པས་ན། ངས་ཀྱང་ཁྱོད་ཀྱི་ཞུ་བ་བསྐང་བ་ཡིན། ཞེས་ཡ་ཧོ་ཝཱས་གསུང་སྟེ། ༢༨ ཀྱེ་ཧོ། ཁོ་བོས་ཁྱོད་ནི་ཁྱོད་ཀྱི་མེས་པོའི་ཁྲོད་དུ་བདེ་བར་གཤིབས་ཤིང་། ངས་གནས་འདི་དང་། འདིའི་ཡུལ་མིའི་ཐོག་ཏུ་དབབ་པར་བྱ་བའི་རྐྱེན་ངན་ཐམས་ཅད་ནི། ཁྱོད་ཀྱི་མིག་གིས་མཐོང་བར་མི་འགྱུར་རོ་ཞེས་བསྒོ་བས། དེ་དག་གིས་རྒྱལ་པོ་ལ་གསུང་ཕྲིན་དེ་བསྐྱལ་ཏོ༎
༢༩ དེ་ནས་རྒྱལ་པོས་བང་ཆེན་བཏང་ནས། ཡ་ཧུ་དཱ་དང་། ཡེ་རུ་ཤ་ལེམ་གྱི་རྒན་རབས་ཐམས་ཅད་བཀུག་སྟེ། ༣༠ རྒྱལ་པོ་དང་། ཡ་ཧུ་དཱ་དང་། ཡེ་རུ་ཤ་ལེམ་པ་ཐམས་ཅད་དང་། ལེ་ཝི་པ་དག་དང་། མི་ཆེ་ཆུང་ཡོད་དོ་ཅོག་ཡ་ཧོ་ཝཱའི་ཕོ་བྲང་དུ་ཡར་སོང་ནས། དེས་ཡ་ཧོ་ཝཱའི་ཕོ་བྲང་ནས་བརྙེད་པའི་ཞལ་ཆད་ཀྱི་མདོའི་བཀའ་ཐམས་ཅད་དེ་རྣམས་ཀྱི་རྣ་བའི་མདུན་དུ་བསྒྲགས་ནས། ༣༡ རྒྱལ་པོ་ནི་རང་གི་མལ་དུ་བཞེངས་ཏེ། ཡ་ཧོ་ཝཱའི་ཕྱི་བཞིན་འབྲང་བ་དང་། ཁོང་གི་བཀའ་རྒྱ་དང་དཔང་ཕུད་དང་། བཀའ་ཁྲིམས་རྣམས་སྙིང་ཚང་མ་དང་སེམས་ཚང་མ་ནས་བསྲུང་སྟེ། མདོ་འདི་ན་བྲིས་པའི་ཞལ་ཆད་ཀྱི་བཀའ་བཞིན་དུ་སྤྱོད་པའི་ཕྱིར། ཡ་ཧོ་ཝཱའི་དྲུང་དུ་ཞལ་ཆད་མཛད་དོ། ༣༢ ཡང་ཁོང་གིས་ཡེ་རུ་ཤ་ལེམ་དང་བེན་ཡ་མིན་ལ་ཡོད་པ་ཐམས་ཅད་ཀྱང་ཞལ་ཆད་དེའི་ནང་འདྲེ་རུ་བཅུག་པ་དང་། ཡེ་རུ་ཤ་ལེམ་པས་དཀོན་མཆོག་རང་གི་ཕ་མེས་ཀྱི་དཀོན་མཆོག་གི་ཞལ་ཆད་བཞིན་དུ་སྤྱད་དོ། ༣༣ དེ་ནས་ཡོ་ཤི་ཡཱས་ཨིས་ར་ཨེལ་པ་ལ་གཏོགས་པའི་ཡུལ་ཀུན་གྱི་ནང་ནས་ཞེན་ལོག་གི་སྐུ་འདྲ་ཐམས་ཅད་མེད་པར་བྱས་ནས། ཨིས་ར་ཨེལ་གྱི་ཡུལ་ཁམས་ན་གནས་པ་ཀུན་ཡ་ཧོ་ཝཱ་རང་གི་དཀོན་མཆོག་ལ་རྟེན་བཅུག་པས། དེ་རྣམས་ཡ་ཧོ་ཝཱ་རང་གི་ཕ་མེས་ཀྱི་དཀོན་མཆོག་གི་རྗེས་སུ་འབྲང་བ་ལས་མ་བྱོལ་ཏོ༎