༣༣
མ་ན་ཤེ་ལོ་བཅུ་གཉིས་ལོན་པའི་ཚེ། རྒྱལ་པོར་གྱུར་ནས། ཡེ་རུ་ཤ་ལེམ་དུ་ལོ་ལྔ་བཅུ་ང་ལྔ་རྒྱལ་སྲིད་བསྐྱངས་སོ།  དེས་ཡ་ཧོ་ཝཱའི་སྤྱན་སྔར་ངན་པ་སྤྱད་དེ། ཡ་ཧོ་ཝཱས་ཨིས་ར་ཨེལ་གྱི་བུ་བརྒྱུད་ཀྱི་མདུན་ལས་བསྐྲད་པའི་ཕྱི་པ་རྣམས་ཀྱི་ཞེན་ལོག་གི་སྤྱོད་ཚུལ་བཞིན་དུ་སྤྱད་དེ།  དེའི་ཕ་ཧིས་ཀི་ཡཱས་བཤིག་པའི་མཐོ་གླིང་རྣམས་བརྩིགས། བ་ཨཱལ་རྣམས་ཀྱི་དོན་དུ་མཆོད་ཁྲི་བཞེངས། ཨ་ཤེ་རཱ་རྣམས་བཙུགས་ཏེ། གནམ་གྱི་སྐར་ཚོགས་ཐམས་ཅད་ལ་བསྙེན་བཀུར་དང་རིམ་གྲོ་བྱས།  ཡ་ཧོ་ཝཱས། ངའི་མཚན་དུས་རྒྱུན་དུ་ཡེ་རུ་ཤ་ལེམ་ན་ལུས་པར་འགྱུར་རོ། གསུངས་པའི་ཡ་ཧོ་ཝཱའི་ཕོ་བྲང་གི་ནང་དུ་ཡང་མཆོད་ཁྲི་མང་པོ་བརྩིགས་ནས།  ཡ་ཧོ་ཝཱའི་སྡེ་ཡངས་གཉིས་པོའི་ནང་དུ་གནམ་གྱི་སྐར་ཚོགས་ཀུན་གྱི་ཕྱིར་མཆོད་ཁྲི་བཞེངས་སོ།  བེན་ཧིན་ནོམ་ཞེས་བྱ་བའི་ལུང་པར་རང་གི་བུ་ཕྲུག་རྣམས་མེའི་ནང་དུ་འགྲོར་བཅུག དུས་ཚོད་ལ་བརྟེན་ཏེ། ངན་ཆོས་དང་སྔགས་བཏབ། གཤིན་འདྲེ་འགུག་མཁན་དང་། ངན་སྔགས་མཁན་དང་འདྲེས་ཏེ། ཡ་ཧོ་ཝཱའི་ཐུགས་ཁྲོ་དཀྲུག་པའི་ཕྱིར་ཐུ་བ་མང་པོ་བྱས།  དེས་བཟོས་པའི་བཙོག་སྐུ་དེ་དཀོན་མཆོག་གི་ཕོ་བྲང་དུ་བསླངས་ཏེ་བཞག ཡ་ཧོ་ཝཱས་ཕོ་བྲང་དེའི་ཕྱིར་དཱ་བིད་དང་། དེའི་སྲས་ཤ་ལོ་མོ་ལ། ངས་ཨིས་ར་ཨེལ་གྱི་སྡེ་ཀུན་གྱི་ནང་ནས་འདམས་པའི་ཡེ་རུ་ཤ་ལེམ་དང་ཕོ་བྲང་འདིར་ངས་ཉིད་ཀྱི་མཚན་དུས་རྟག་ཏུ་འཇོག་པར་བྱ་སྟེ།  ཇི་སྟེ་དེ་དག་གིས་ཁོ་བོས་མོ་ཤེ་རྒྱུད་དེ་གསུངས་པའི་བཀའ་ཁྲིམས་དང་བཀའ་རྒྱ་དང་། སྤྱད་མཚམས་ཐམས་ཅད་བཞིན་དུ་བྱེད་པར་ཟོན་བྱེད་ན། ངས་དེ་དག་གི་མེས་པོ་རྣམས་ལ་བྱིན་པའི་ཡུལ་ཁམས་ཀྱི་ནང་ནས་ཨིས་ར་ཨེལ་གྱི་རྐང་པ་ནི་ནམ་དུ་ཡང་སྐྲོད་པར་མི་བྱའོ་ཞེས་གསུངས་སོ།  མ་ན་ཤེས་ཡ་ཧུ་དཱ་དང་ཡེ་རུ་ཤ་ལེམ་པ་རྣམས་འགོལ་དུ་བཅུག་ནས། ཡ་ཧོ་ཝཱས་ཨིས་ར་ཨེལ་པ་རྣམས་ཀྱི་མདུན་ལས་ཚར་བཅད་པའི་ཕྱི་པ་རྣམས་ལས་ཀྱང་སྡིག་པ་མང་དུ་བྱེད་བཅུག་གོ།
༡༠ ཡ་ཧོ་ཝཱས་མ་ན་ཤེ་དང་། དེའི་འབངས་ལ་ཞལ་ཏ་མཛད་ཀྱང་། དེ་ཚོས་མ་ཉན་ཏོ། ༡༡ དེའི་ཕྱིར་ཡ་ཧོ་ཝཱས་དེ་དག་གི་ཐོག་ཏུ་ཨ་སུར་རྒྱལ་པོའི་དམག་དཔོན་རྣམས་སྦྲན་པ་ལས། དེ་དག་གིས་མ་ན་ཤེ་ཚེར་གསེབ་ཏུ་བཟུང་ནས། ལྕགས་སྒྲོག་བརྒྱབས་ནས། བཱ་བེལ་དུ་ཁྱེར་ཏོ། ༡༢ དེར་ཁོ་སྡུག་བསྔལ་གྱིས་མནར་དུས་སུ། རང་གི་དཀོན་མཆོག་ཡ་ཧོ་ཝཱའི་དྲུང་དུ་རབ་ཏུ་གུས་པ་བྱས་ཏེ། གསོལ་བ་བཏབ་བོ། ༡༣ སྨོན་ལམ་བཏབ་པས། ཁོང་གིས་དེའི་གསོལ་བ་བསྐངས་པར་མཛད་ནས། དེའི་བཅོལ་ཚིག་ལ་གསན་ཏེ། དེ་ནི་ཡེ་རུ་ཤ་ལེམ་དུ་རང་གི་རྒྱལ་ཁམས་ཀྱི་ནང་དུ་ཕྱིར་དྲངས་པ་དང་། མ་ན་ཤེས་དཀོན་མཆོག་ནི་ཡ་ཧོ་ཝཱ་ལགས་པར་ངོ་ཕྲོད་བྱུང་ངོ་༎
༡༤ དེའི་རྗེས་སུ་དེས་དཱ་བིད་ཀྱི་གྲོང་ཁྱེར་གྱི་ཕྱི་རོལ་དུ། གི་ཧོན་གྱི་ནུབ་ཕྱོགས་ཀྱི་ལུང་པའི་ནང་ན། ཉའི་རྟ་སྒོའི་བར་དུ་ལྕགས་རི་བརྩིགས་ནས། ཨོ་ཕེལ་བསྐོར་ཏེ། མཐོན་པོ་བྱས། ཡ་ཧུ་དཱའི་གྲོང་ཁྱེར་བཙན་པོ་ཐམས་ཅད་ཀྱི་ནང་དུ་དམག་དཔོན་བཞག་གོ། ༡༥ ཕྱི་པའི་ལྷ་རྟེན་དང་། ཡ་ཧོ་ཝཱའི་ཕོ་བྲང་ན་ཡོད་པའི་སྐུ་འདྲ་དང་། ཡ་ཧོ་ཝཱའི་ཕོ་བྲང་གི་རི་དང་། ཡེ་རུ་ཤ་ལེམ་ན་བཞེངས་པའི་མཆོད་ཁྲི་ཚང་མ་ཁྱེར་ཏེ། རྒྱལ་སའི་ཕྱི་རོལ་དུ་དབྱུགས་ནས། ༡༦ ཡ་ཧོ་ཝཱའི་མཆོད་ཁྲི་ལ་བཞིག་སོས་བྱས་ཏེ། དེའི་ཁར་ཞི་བདེའི་མཆོད་པ་དང་གཏང་རག་གི་མཆོད་པ་ཕུལ་ནས། ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་ལ་རིམ་གྲོ་བྱེད་དུ་ཡ་ཧུ་དཱ་ལ་བཀའ་གནང་ཡང་། ༡༧ མི་སྡེས་དུས་དེ་ཙམ་གྱི་བར་དུ་ཡང་མཐོ་གླིང་རྣམས་སུ་མཆོད་པ་ཕུལ་རུང་། ཡ་ཧོ་ཝཱ་རང་གི་དཀོན་མཆོག་འབའ་ཞིག་ལ་ཕུལ་བ་ཡིན།
༡༨ མ་ན་ཤེའི་གཞན་བྱ་བ་དང་། དེས་རང་གི་དཀོན་མཆོག་ལ་སྨོན་ལམ་བཏབ་པ་དང་། ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གི་མཚན་གྱི་ནང་ནས་མངོན་བཤེས་པ་རྣམས་ཀྱིས་དེ་ལ་གསུངས་པའི་ཞལ་གདམས་རྣམས་ནི། ཨིས་ར་ཨེལ་གྱི་རྒྱལ་རབས་ཀྱི་མདོ་རུ་བྲིས་ཏེ་ཡོད། ༡༩ ཡང་དེའི་གསོལ་བ་དང་། དཀོན་མཆོག་གིས་བསྐང་ལུགས་དང་། དེའི་སྡིག་པ་དང་སྐྱོན་ཚང་མ་དང་། གུས་སེམས་མ་བསྐྱེད་པའི་སྔར་མཐོ་གླིང་བརྩིགས་པ་དང་། ཨ་ཤེ་རཱ་བཙུགས་པ་དང་། བཙོག་སྐུ་རྣམས་བཞག་པ་ནི། མངོན་བཤེས་པ་རྣམས་ཀྱི་ལོ་རྒྱུས་ན་བྲིས་ཏེ་ཡོད། ༢༠ དེ་ནས་མ་ན་ཤེ་རང་གི་ཕ་མེས་ཀྱི་ཁྲོད་དུ་གཉིད་དུ་སོང་བ་དང་། དེ་རང་གི་ཁྱིམ་གྱི་ནང་དུ་བསྐུངས་སོ། དེའི་སྲས་ཨ་མོན་བྱ་བ་དེའི་མལ་དུ་རྒྱལ་པོར་གྱུར་ཏོ༎
༢༡ ཨ་མོན་ལོ་ཉེར་གཉིས་ལོན་དུས། རྒྱལ་པོར་གྱུར་ཏེ། ཡེ་རུ་ཤ་ལེམ་ན་ལོ་གཉིས་རྒྱལ་སྲིད་མཛད། ༢༢ དེས་རང་གི་ཕ་མ་ན་ཤེས་བྱས་པ་བཞིན་དུ་ཡ་ཧོ་ཝཱའི་སྤྱན་སྔར་ངན་པ་ཡིན་པ་དེ་བྱས་ཏེ། ཨ་མོན་གྱིས་རང་གི་ཕ་མ་ན་ཤེས་བཟོས་པའི་བཙོག་སྐུ་ཐམས་ཅད་ལ་མཆོད་པ་ཕུལ་ནས་རིམ་གྲོ་བྱས་སོ། ༢༣ ཡང་དེས་རང་གི་ཕ་མ་ན་ཤེས་གུས་སེམས་བྱས་པ་བཞིན་དུ་ཡ་ཧོ་ཝཱའི་དྲུང་དུ་གུས་པའང་མ་བྱས་པར། ཨ་མོན་གྱིས་སྡིག་པ་ཚབས་ཆེ་བ་བྱས་སོ། ༢༤ དེར་ཁོའི་འཁོར་གྱིས་ཁ་འཆམ་བྱས་ཏེ། དེ་རང་གི་ཁྱིམ་ནང་བསད་དོ། ༢༥ འོན་ཀྱང་རྒྱལ་པོ་ཨ་མོན་གྱི་ཕྱིར་ཁ་འཆམ་བྱས་པའི་མི་ཐམས་ཅད་ཀྱང་ཡུལ་མིས་བསད་དེ། ཡུལ་མིས་དེའི་སྲས་ཡོ་ཤི་ཡཱ་དེའི་མལ་དུ་རྒྱལ་པོར་བཅུག་གོ།