༣༢
ཡང་བྱ་བ་དེ་དག་དང་། བློ་སེམས་དྲང་པོའི་ལས་དེ་དག་གི་མཐར། ཨ་སུར་གྱི་རྒྱལ་པོ་སེན་ན་ཁེ་རིབ་འོངས་ནས། ཡ་ཧུ་དཱའི་ནང་དུ་འཛུལ་ཏེ། གྲོང་ཁྱེར་བཙན་པོ་རྣམས་ཀྱི་ཐད་ཀར་དམག་སྒར་ཕབ་ནས། དེ་དག་གཅོག་ཏུ་འདོད་པ་ཡིན། ༢ ཧིས་ཀི་ཡཱས་སེན་ན་ཁི་རིབ་དམིགས་ཏེ་ཡེ་རུ་ཤ་ལེམ་ལ་འཐབ་མོ་གཏོང་དུ་འོང་བར་མཐོང་བའི་དུས་སུ། ༣ དེས་རང་གི་སྐུ་དྲག་དང་དཔའ་བོ་རྣམས་དང་མཉམ་དུ་བགྲོས་ནས། རྒྱལ་སའི་ཕྱི་རོལ་ན་ཡོད་པའི་ཆུ་ཡི་ཁྲོན་པ་རྣམས་འགེབས་རྒྱུ་བྱས་ནས། དེ་དག་གིས་ཁོང་ལ་ར་མདའ་བྱས་པ་དང་། ༤ མི་མང་པོ་འཛོམས་ཏེ། ཨ་སུར་གྱི་རྒྱལ་པོ་རྣམས་འོང་དུས་སུ། དེ་དག་ལ་ཆུ་མོད་པོ་ཅིའི་ཕྱིར་རྙེད་པའི་རིགས། ཟེར་གྱིན། ཁྲོན་པ་ཚང་མ་དང་། ཡུལ་དཀྱིལ་ནས་འབྲུབ་པའི་གྲོག་པོ་དེ་བཀབ་བོ། ༥ ཡང་ཧིས་ཀི་ཡཱས་སྤོབས་པ་སྐྱེད་དེ། ལྕགས་རི་བཞིག་པོ་ཐམས་ཅད་ལ་བཞིག་སོས་བྱས་ཏེ། སྤེའུ་རྣམས་བཞེངས། དེའི་ཕྱི་རོལ་དུ་ཡང་ལྕགས་རི་ཞིག་བརྩིགས། དཱ་བིད་ཀྱི་གྲོང་ཁྱེར་གྱི་མིལ་ལཱོ་ལ་ཡང་བཞིག་སོས་མཛད་ནས། རལ་གྲི་དང་ཕུབ་དཔག་མེད་བཟོས། ༦ ཡང་མི་སྡེའི་ཁར་དམག་དཔོན་བཞག་སྟེ། རྒྱལ་སའི་རྒྱ་སྒོའི་སྲང་འགག་ན་དེ་དག་རང་གི་དྲུང་དུ་བསྡུས་ནས། དེ་དག་ལ་སེམས་སྐྱེད་འཇུག་ཅིང་ན་རེ། ༧ སྙིང་རུས་དང་སྤོབས་པ་བྱོས་ཤིག་དང་། ཨ་སུར་རྒྱལ་པོ་དང་། ཁོ་དང་བཅས་སུ་ཡོད་པའི་དམག་དཔུང་ཆེན་པོ་ལ་མ་འཇིགས་ཏེ། མ་ཚབས་ཤིག གང་ལ་ཞེ་ན། དེ་དག་དང་བཅས་སུ་ཡོད་པ་བས། འོ་ཅག་དང་བཅས་སུ་ཡོད་པ་མང་སྟེ། ༨ དེ་དང་བཅས་སུ་མིའི་ལག་པ་ཡོད་ཀྱིས། འོ་ཅག་ལ་ར་མདའ་མཛད་པ་དང་། འོ་ཅག་གི་ཚབ་ཏུ་འཐབ་མོ་མཛད་དུ། ཡ་ཧོ་ཝཱ་ངེད་ཀྱི་དཀོན་མཆོག་ནི་འོ་སྐོལ་དང་མཉམ་དུ་མཆིས་སོ། སྨྲས་པ་ལས། ཡ་ཧུ་དཱའི་རྒྱལ་པོ་ཧིས་ཀི་ཡཱའི་གཏམ་དེ་ལ་སེམས་གཏད་བཅོལ་ཏོ༎༩ དེའི་རྗེས་སུ་སེན་ན་ཁེ་རིབ་ཀྱིས་རང་གི་དམག་དཔུང་ཐམས་ཅད་དང་བཅས་སུ་ལཱ་ཁིས་ལ་དམག་བསྐོར་བཏང་བའི་ཚེ། དེས་རང་གི་འཁོར་ནས་འགའ་ཞིག་ཡེ་རུ་ཤ་ལེམ་དུ་རྒྱལ་པོ་ཧིས་ཀི་ཡཱ་དང་། ཡེ་རུ་ཤ་ལེམ་ན་ཡོད་པའི་ཡ་ཧུ་དཱ་པ་ཚང་མའི་མདུན་དུ་བཏང་ནས་དེ་དག་ལ། ༡༠ ཨ་སུར་གྱི་རྒྱལ་པོ་སེན་ན་ཁེ་རེབ་ཀྱིས་འདི་སྐད་གསུང་། ད་ཁྱོད་རྣམས་དམག་གིས་བསྐོར་བའི་ཡེ་རུ་ཤ་ལེམ་ན་གནས་པས། བློ་གཏད་སུ་ལ་བྱེད། ༡༡ ཧིས་ཀི་ཡཱས་ཁྱོད་ཅག་ལ། ངེད་ཀྱི་དཀོན་མཆོག་ཡ་ཧོ་ཝཱས་འོ་སྐོལ་ཨ་སུར་གྱི་རྒྱལ་པོའི་ལག་ནས་སྐྱོབ་པར་འགྱུར་རོ་སྨྲ་ཞིང་། ཁྱོད་ཅག་བཀྲེས་སྐོམ་གྱིས་འཆི་བའི་ཕྱིར་ལྕེ་སླུས་གཏོང་། ༡༢ རང་གི་མཐོ་གླིང་དང་མཆོད་ཁྲི་བཤིག་ནས། ཡ་ཧུ་དཱ་དང་ཡེ་རུ་ཤ་ལེམ་གྱི་མི་ལ། ཁྱོད་ཅག་ཐམས་ཅད་མཆོད་ཁྲི་གཅིག་གཅིག་གི་མདུན་དུ་བསྙེན་བཀུར་བྱེད་ཅིང་། དེའི་ཁར་བསངས་ཀྱང་ཐོང་ཞིག ཅེས་བསྒོ་བའི་ཧིས་ཀི་ཡཱ་དེ་རང་ནི་འདི་མ་ལགས་སམ། ༡༣ ང་རང་དང་ངའི་མེས་པོ་རྣམས་ཀྱིས་ས་གཞིའི་མི་སྡེ་ཐམས་ཅད་ལ་ཅི་བྱས་པའི་ཆ་ཁྱོད་ཅག་ལ་མེད་དམ། ཡུལ་དེ་དག་གི་མི་བརྒྱུད་སོ་སོའི་ལྷ་རྣམས་ཀྱིས་རེ་རང་གི་ཡུལ་ངའི་ལག་ནས་སྐྱོབ་པའི་ནུས་པ་ཡོད་པ་ཡིན་ནམ། ༡༤ ངའི་ཡབ་མེས་ཀྱིས་ཚར་དུ་བཅད་པའི་མི་བརྒྱུད་སོ་སོའི་ལྷ་ཐམས་ཅད་ཀྱི་ནང་ནས། ལྷ་གང་གིས་རང་གི་མི་སྡེ་ངའི་ལག་ནས་བསྒྲལ་བ་ཡིན། དེ་བས་ན་ཁྱོད་ཚོའི་དཀོན་མཆོག་གིས་ཁྱོད་ཅག་ངའི་ལག་ནས་ཇི་ལྟར་སྒྲོལ་བར་ནུས། ༡༥ དེའི་ཕྱིར་ཧིས་ཀི་ཡཱས་ཁྱོད་ཅག་སླུར་མ་ཆུག དེའི་ལུགས་སུ་ལྕེ་སླུས་ཡང་གཏོང་དུ་མ་ཆུག་ཅིག ཁོ་ལ་ཡིད་མ་ཆེས་ཤིག གང་ལ་ཞེ་ན། མི་བརྒྱུད་དམ་རྒྱལ་སྲིད་གང་གི་ལྷས་ཀྱང་རང་གི་མི་སྡེ་ནི། ངའི་ལག་པ་དང་ངའི་ཡབ་མེས་ཀྱི་ལག་པ་ནས་སྐྱོབ་མ་ནུས་པས་ན། ཁྱོད་ཚོའི་དཀོན་མཆོག་གིས་ཁྱོད་ཚོ་ངའི་ལག་པ་ལས་ཇི་ལྟར་སྐྱོབ་པར་ནུས། ཅེས་ཕྲིན་བསྐུར་བ་མ་ཟད།
༡༦ ཁོའི་འཁོར་གཡོག་གིས་ཡ་ཧོ་ཝཱ་དཀོན་མཆོག་དང་། ཁོང་གི་བྲན་པོ་ཧིས་ཀི་ཡཱ་གཉིས་ལ་གཞན་རྒོལ་བ་མང་པོ་ཞུས། ༡༧ ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་ལ་སྐུར་ཀླན་འདེབས་སུ་ཡི་གེ་བྲིས་ཏེ། ཁོང་ལ་རྒོལ་བ་འདི་ལྟར་ཞུས། མི་བརྒྱུད་གཞན་དག་གི་ཡུལ་གྱི་ལྷ་སོ་སོས་རང་གི་མི་སྡེ་ངའི་ལག་པ་ལས་སྐྱོབ་མ་ནུས་པ་ཁོ་ན་བཞིན་དུ། ཧིས་ཀི་ཡཱའི་དཀོན་མཆོག་གིས་ཀྱང་རང་གི་མི་སྡེ་ངའི་ལག་པ་ལས་སྐྱོབ་པར་མི་འགྱུར་རོ། ཞེས་བྲིས་ཏེ་ཡོད་པ་ཡིན། ༡༨ ཡང་དེ་དག་གིས་ཡེ་རུ་ཤ་ལེམ་པ་ལྕགས་རིར་སྡོད་པ་རྣམས་ལ་དངངས་སྐྲག་ཅིང་སྐྱི་གཡའ་རུ་བཅུག་སྟེ། རྒྱལ་ས་འཛིན་པའི་དོན་དུ་ཡ་ཧུ་དཱ་སྐད་དུ་ཅ་ཅོ་ཆེན་པོས་གཏམ་བྱས་ནས། ༡༩ མིའི་ལག་གིས་བཟོས་པའི་ས་གཞིའི་མི་སྡེའི་ལྷའི་སྐུ་རྣམས་ལ་འབར་བ་ལྟར། ཡེ་རུ་ཤ་ལེམ་གྱི་དཀོན་མཆོག་ལ་འབར་རོ༎
༢༠ དེ་ནས་རྒྱལ་པོ་ཧིས་ཀི་ཡཱ་དང་། ཨ་མོས་ཀྱི་བུ་ལུང་སྟོན་པ་ཡེ་ཤ་ཡཱས་དེའི་ཕྱིར་ནམ་མཁའི་ཕྱོགས་སུ་འོ་དོད་བཏང་ཞིང་གསོལ་བ་བཏབ་པ་ལས། ༢༡ ཡ་ཧོ་ཝཱས་ཕོ་ཉ་ཞིག་དེར་མངགས་ནས། དེས་ཨ་སུར་རྒྱལ་པོའི་དམག་སྒར་གྱི་དཔའ་བོ་དང་། འགོ་བྱེད་དང་། དམག་དཔོན་ཚང་མ་ཚར་དུ་བཅད་པས་རྒྱལ་པོ་དེ་སྐྱེངས་ནས། རང་ཡུལ་དུ་ལོག་སོང་སྟེ། རང་གི་ལྷ་ཁང་དུ་ཕྱིན་དུས་སུ། དེ་རང་གི་ཤ་ཁྲག་ལས་ཆད་པ་རྣམས་ཀྱིས་ཁོ་དེར་རལ་གྲིས་སྲོག་དང་ཕྲལ་ཏོ། ༢༢ དེ་ལྟར་ཡ་ཧོ་ཝཱས་ཧིས་ཀི་ཡཱ་དང་། ཡེ་རུ་ཤ་ལེམ་པ་ཐམས་ཅད་ཨ་སུར་གྱི་རྒྱལ་པོ་སེན་ན་ཁེ་རིབ་དང་། གཞན་ཀུན་གྱི་ལག་ལས་བསྒྲལ་བར་མཛད་དེ། ཕྱོགས་ཀུན་ལས་བསྲུངས་སོ། ༢༣ དེ་ནས་མི་མང་གིས་ཡེ་རུ་ཤ་ལེམ་དུ་ཡ་ཧོ་ཝཱ་ལ་ཞལ་འདེབས་དང་། ཡ་ཧུ་དཱའི་རྒྱལ་པོ་ཧིས་ཀི་ཡཱ་ལ་རིན་ཐང་ཆེ་བའི་ཕྱག་རྟེན་ཕུལ་བྱུང་། དེ་ཚུན་ཆད་དུ་མི་བརྒྱུད་ཐམས་ཅད་ནང་ཁོང་གི་མཚན་ཆེན་པོར་གྱུར་ཏོ༎
༢༤ དེའི་དུས་སུ་ཧིས་ཀི་ཡཱ་འཆི་བ་ལ་ཐུག་པའི་ནད་བྱུང་བ་དང་། ཡ་ཧོ་ཝཱ་ལ་གསོལ་བ་བཏབ་ནས། དེ་ལ་ཁོང་གི་གསུང་བྱུང་སྟེ། ནད་དྭངས་པའི་ལྟས་ཤིག་བསྟན་མོད། ༢༥ དེ་རང་ལ་མཛད་པའི་བཀའ་དྲིན་ལ་མཁོ་བའི་གཏང་རག་མ་ཕུལ་བར། སྙིང་ན་རང་མཐོང་སྐྱེས་པས། དེ་རང་དང་། ཡ་ཧུ་དཱ་དང་། ཡེ་རུ་ཤ་ལེམ་ལ་ཐུགས་ཁྲོ་བབ་བྱུང་བས། ༢༦ ཧིས་ཀི་ཡཱ་དང་ཡེ་རུ་ཤ་ལེམ་པས་རང་གི་སྙིང་གི་ང་རྒྱལ་གྱི་ཕྱིར་གུས་སེམས་སྐྱེད་པ་དང་། ཧིས་ཀི་ཡཱ་ཡི་སྐུ་རིང་དུ་དེ་དག་ལ་ཡ་ཧོ་ཝཱའི་ཐུགས་ཁྲོ་དེ་མ་བབས་སོ༎
༢༧ ཧིས་ཀི་ཡཱ་ལ་ནོར་རྫས་དང་བཀུར་སྟི་ཤིན་ཏུ་མང་པོ་ཡོད་དེ། དེས་གསེར་དངུལ་དང་། རྡོ་བ་རིན་པོ་ཆེ་དང་། སྤོད་དང་། ཕུབ་དང་། ཡོ་བྱད་རིན་ཐང་ཆེ་བ་རིགས་སྣ་ཚོགས་ཀྱི་ཕྱིར། གཏེར་མཛོད་སོ་སོ་རྣམས་བརྩིགས། ༢༨ འབྲུ་དང་། རྒུན་ཆང་དང་། འབྲུ་མར་གྱི་ཕྱིར་བང་ཁང་དང་། དུད་འགྲོའི་རིགས་སྣ་ཚོགས་ཀྱི་ཕྱིར། ཆིབས་ར་དང་། ལུག་ཁྱུའི་ཕྱིར་ལུག་ར་རྣམས་བརྩིགས། ༢༩ གཞན་ཡང་དེས་རང་གི་ཕྱིར་དུ་གྲོང་ཁྱེར་རྣམས་བཙུགས། དཀོན་མཆོག་གིས་དེ་ལ་ནོར་མང་པོ་བྱིན་པས། ར་ལུག་དང་ཆེ་ཕྱུགས་རབ་ཏུ་མང་པོ་འཕེལ་བཅུག་གོ། ༣༠ ཡང་ཧིས་ཀི་ཡཱས་གི་ཧོན་གྱི་གོང་ཡུར་བཀབ་ནས། ཆུ་དེ་དཱ་བིད་ཀྱི་གྲོང་ཁྱེར་གྱི་ནུབ་ཕྱོགས་སུ་ཐུར་དུ་ཕབ་པ་ཡིན། ཧིས་ཀི་ཡཱས་ཅི་བྱས་པ་ཐམས་ཅད་ནང་གོ་ཆོད་དོ། ༣༡ འོན་ཀྱང་བཱ་བེལ་གྱི་རྒྱལ་ཕྲན་དག་གིས་འདིའི་ཡུལ་དུ་བྱུང་བའི་ལྟས་ཁྱད་མཚར་དེ་རྩད་གཅོད་དུ་བཏང་བའི་ཕོ་ཉ་རྣམས་ཀྱི་བྱ་བའི་ནང་དུ། དེའི་སྙིང་གི་བསམ་པ་ཚང་མ་མཁྱེན་པའི་ཕྱིར་དུ། དཀོན་མཆོག་གིས་དེའི་ཉམས་ཚོད་བཞེས་པའི་ཕྱིར་བོར་བ་ཡིན།
༣༢ ཧིས་ཀི་ཡཱའི་གཞན་བྱ་བ་རྣམས་དང་། ལས་བཟང་པོ་རྣམས་ནི། ཨ་མོས་ཀྱི་བུ་ལུང་སྟོན་པ་ཡེ་ཤ་ཡཱའི་ཞལ་གཟིགས་དང་། ཡ་ཧུ་དཱ་དང་ཨིས་ར་ཨེལ་གྱི་རྒྱལ་རབས་ན་བྲིས་ཡོད། ༣༣ དེ་ནས་ཧིས་ཀི་ཡཱ་རང་གི་ཕ་མེས་དང་མཉམ་དུ་མནལ་དུ་སོང་ནས། དཱ་བིད་བརྒྱུད་ཀྱི་དུར་ཁུང་རྣམས་ཀྱི་ལྟག་པར་བསྐུངས་སོ། ཡ་ཧུ་དཱ་དང་ཡེ་རུ་ཤ་ལེམ་གྱི་མི་ཀུན་གྱིས་ཁོང་གྲོངས་དུས་སུ་ཞེ་ས་བྱས་སོ། དེའི་སྲས་མ་ན་ཤེས་དེའི་མལ་དུ་རྒྱལ་པོ་མཛད་དོ༎