༣༡
དེ་ཐམས་ཅད་རྫོགས་པ་དང་། དེར་ཚོགས་པའི་ཨིས་ར་ཨེལ་ཚང་མ་ཡ་ཧུ་དཱའི་གྲོང་ཁྱེར་ཀུན་ཏུ་ཕྱིན་ཏེ། སྐུ་འདྲ་རྣམས་བཅག ཨ་ཤེ་རཱ་རྣམས་བཅད། ཡ་ཧུ་དཱ་དང་། བེན་ཡ་མིན་དང་། ཨེབ་ར་ཨིམ་དང་། མ་ན་ཤེའི་ཡུལ་ཀུན་ན་ཡོད་པའི་མཐོ་གླིང་དང་། མཆོད་ཁྲི་ཐམས་ཅད་ཡོངས་སུ་ཚར་མ་བཅད་པའི་བར་དུ་བཤིག་གོ། དེ་ནས་ཨིས་ར་ཨེལ་གྱི་བུ་བརྒྱུད་ཚང་མ་རེ་རང་གི་གྲོང་ཁྱེར་དང་རང་གནས་སུ་ལོག་སོང་།༢ ཡང་ཧིས་ཀི་ཡཱས་བླ་མ་དང་ལེ་ཝི་པ་རྣམས་རེ་རང་གི་ལས་ཚིར་བཞིན་དུ་ཞབས་ཏོག་གི་རེས་བྱེད་དུ་བསྐོས་ཏེ། བླ་མ་དང་ལེ་ཝི་པས་སྦྱིན་སྲེག་གི་མཆོད་པ་དང་། ཞི་བདེའི་མཆོད་པ་འབུལ་བ་དང་། རིམ་གྲོ་དང་། གཏང་རག་དང་། སྟོད་དབྱངས་འབུལ་བའི་ཕྱིར། ཡ་ཧོ་ཝཱའི་སྒར་གྱི་སྒོ་སོར་བཞག་སྟེ། ༣ ཡང་དེ་ཡ་ཧོ་ཝཱའི་བཀའ་ཁྲིམས་ན་བྲིས་པ་བཞིན་དུ། རྒྱལ་པོའི་ནོར་གྱི་ནང་ནས་སྔ་དྲོ་ཕྱི་དྲོའི་སྦྱིན་སྲེག་གི་མཆོད་པ་དང་། ཤབ་བཱད་དང་། ཟླ་ཚེས་དང་། དུས་ཆེན་གྱི་སྦྱིན་སྲེག་རྣམས་ཀྱི་ཕྱིར། འབུལ་རྒྱུའི་སྐལ་བ་གཏན་ལ་ཕབ་ནས། ༤ ཡེ་རུ་ཤ་ལེམ་ན་གནས་པའི་མི་ཀུན་ལ། བླ་མ་དང་ལེ་ཝི་པ་རྣམས་ཀྱིས་ཡ་ཧོ་ཝཱའི་བཀའ་ཁྲིམས་ཀྱི་ལས་ལ་སེམས་སྐྱེད་འཇུགས་པ་ལ། དེ་དག་གི་སྐལ་བ་དེ་བྱིན་ཞིག ཅེས་བསྒོའོ། ༥ བཀའ་དེ་སྤྲིངས་མ་ཐག་ཏུ། ཨིས་ར་ཨེལ་གྱི་བུ་བརྒྱུད་ཀྱིས་འབྲུ་དང་། རྒུན་ཆང་དང་། འབྲུ་མར་དང་། སྦྲང་རྩི་དང་། ཞིང་གི་ལོ་ཐོག་ཐམས་ཅད་ཀྱི་ཕུད་མང་དུ་དྲངས་ཏེ། ཐམས་ཅད་ཀྱི་བཅུ་ཁག་མང་དུ་ཕུལ་བྱུང་། ༦ ཡ་ཧུ་དཱའི་གྲོང་ཁྱེར་རྣམས་ན་གནས་པའི་ཨིས་ར་ཨེལ་དང་ཡ་ཧུ་དཱའི་བུ་བརྒྱུད་ཀྱིས་ཀྱང་། གླང་དང་ལུག་གི་བཅུ་ཁག་དང་། ཡ་ཧོ་ཝཱ་རང་གི་དཀོན་མཆོག་ལ་བསྔོས་པའི་ནོར་རྫས་ཐམས་ཅད་ཀྱི་བཅུ་ཁག་ཕུལ་ནས། ཕུང་པོ་མང་པོ་སྤུངས། ༧ ཟླ་བ་གསུམ་པ་ལ་སྤུང་བར་ཚུགས་ནས། ཟླ་བ་བདུན་པའི་ནང་དུ་སྤུང་ཚར་བྱུང་། ༨ ཡང་ཧིས་ཀི་ཡཱ་དང་སྐུ་དྲག་རྣམས་འོངས་ནས། ཕུང་པོ་དེ་རྣམས་མཐོང་ནས། ཡ་ཧོ་ཝཱ་དང་ཁོང་གི་མི་སྡེ་ཨིས་ར་ཨེལ་ལ་ཤིས་པར་བརྗོད་དོ། ༩ དེ་ནས་ཧིས་ཀི་ཡཱས་བླ་མ་དང་ལེ་ཝི་པ་ལ་ཕུང་པོ་དེ་རྣམས་ཀྱི་སྐོར་དུ་དྲིས་པ་དང་། ༡༠ ཙ་དོག་གི་བུ་བརྒྱུད་ཀྱི་བླ་མ་ཆེན་པོ་ཨ་ཟར་ཡཱས་ལན་དུ་ཁོང་ལ། མི་སྡེས་ཡ་ཧོ་ཝཱའི་ཕོ་བྲང་དུ་ཚུགས་པ་ཚུན་ཆད་དུ། ངེད་རྣམས་ལ་ཚིམ་པར་ཟ་རྒྱུ་ཡང་བྱུང་སྟེ། ལྷག་མ་ཡང་མང་པོ་ལུས་ཏེ་ཡོད། ཅི་ལ་ཞུ་ན། ཡ་ཧོ་ཝཱས་ཉིད་ཀྱི་མི་སྡེ་ལ་བྱིན་གྱིས་བརླབས་པས། ཕུང་པོ་ཆེན་པོ་འདི་ནི་ལྷག་ནས་ལུས་པ་དེ་ཡིན། ཞེས་ཞུས་པ་དང་།
༡༡ ཧིས་ཀི་ཡཱས། ཡ་ཧོ་ཝཱའི་ཕོ་བྲང་ན་བང་མཛོད་རྣམས་བྱོས་ཤིག བསྒོ་བས། དེ་དག་གིས་བྱས་སོ། ༡༢ ཡང་དེ་དག་གིས་འབུལ་བ་དང་། བཅུ་ཁག་དང་། བསྔོས་པའི་ནོར་རྫས་རྣམས་བང་མཛོད་དུ་བསྐྱས་ཏེ། དེའི་ཕྱག་མཛོད་དུ་ལེ་ཝི་པ་ཀོ་ནན་ཡཱ་དང་། ལག་གཡོག་ཏུ་དེའི་སྤུན་ཤི་མེ་ཨི་གཉིས་ཡོད་པ་ཡིན། ༡༣ ཡང་ཡེ་ཧི་ཨེལ་དང་། ཨ་ཟས་ཡཱ་དང་། ན་ཧད་དང་། ཨ་ས་ཧེལ་དང་། ཡེ་རི་མོད་དང་། ཡོ་ཟ་བད་དང་། ཨེ་ལི་ཨེལ་དང་། ཨིས་མག་ཡཱ་དང་། མ་ཧད་དང་། བེ་ནཱ་ཡཱ་དང་བཅུ་ནི། རྒྱལ་པོ་ཧིས་ཀི་ཡཱ་དང་། དཀོན་མཆོག་གི་ཕོ་བྲང་གི་འགོ་བྱེད་ཨ་ཟར་ཡཱའི་བཀའ་སྩལ་བཞིན་དུ། ཀོ་ནན་ཡཱ་དང་དེའི་སྤུན་ཤི་མེ་ཨི་ཡི་དྲུང་འཁོར་དུ་ཡོད་པ་ཡིན། ༡༤ ཤར་ཕྱོགས་ཀྱི་སྒོ་པར་ཡོད་པའི་ལེ་ཝི་པ་ཡིམ་ནཱ་ཡི་བུ་ཀོ་རེ་བྱ་བ་དེ་ནི། རང་འཐད་ཀྱིས་དཀོན་མཆོག་ལ་ཕུལ་མཁན་གྱི་ཞལ་འདེབས་དང་ཟས་དམ་པ་རྣམས་འབྲིམ་པའི་ཕྱིར། ཡ་ཧོ་ཝཱའི་ཞལ་འདེབས་ཀྱི་གཉེར་པ་ཡོད་པ་ཡིན། ༡༥ དེའི་ལག་ཡོག་ཏུ་ཨེ་དེན་དང་། མིན་ཡཱ་མིན་དང་། ཡེ་ཤུ་ཨ་དང་། ཤེ་མ་ཡཱ་དང་། ཨ་མར་ཡཱ་དང་། ཤེ་ཀན་ཡཱ་དང་དྲུག་གིས། རང་གི་སྤུན་ཆེ་ཆུང་ཚང་མ་ལ་རེས་ཚིར་བཞིན་དུ་ཟ་སྐལ་སྟེར་དུ། བླ་མའི་གྲོང་ཁྱེར་ན་རེ་རང་གི་ལས་ཚན་གྱི་ནང་དུ་ཡོད་པ་ཡིན། ༡༦ དེ་སུ་ཡིན་ཞེ་ན། དེ་དག་གི་བརྒྱུད་ཀྱི་དེབ་ཀྱི་ནང་དུ་བཅུག་ཡོད་པའི་སྐྱེས་པ་རྣམས་མ་གཏོགས་པར། ལོ་གསུམ་ནས་གྱེན་ཆོད་རེ་རང་གི་རེས་བཞིན་དུ། ཞག་ལྟར་ཡ་ཧོ་ཝཱའི་ཕོ་བྲང་ན་བདག་རྐྱེན་བྱེད་དུ་འོང་བ་རྣམས་ཡིན། ༡༧ བླ་མ་རྣམས་ཕ་སྤད་བཞིན་དུ་འོང་བ་རྣམས་དང་། ལེ་ཝི་པ་རྣམས་ལོ་ཉི་ཤུ་ཡན་ཆོད་ཞབས་ཏོག་གི་རེས་མོས་བཞིན་དུ་དང་། མི་རབས་ཀྱི་དེབ་ཀྱི་ནང་དུ་བྲིས་ཡོད་པ་རྣམས་སོ། ༡༨ དེ་མ་ཟད། དེ་དག་གི་ཕྲུ་གུ་ཚང་མ་དང་། ཆུང་མ་དང་། བུ་དང་བུ་མོ་རྣམས། མདོར་ན། མི་ཚོགས་ཐམས་ཅད་ནི་མི་རབས་ཀྱི་དེབ་ཀྱི་ནང་དུ་བཅུག་པ་ཡིན། དེ་དག་གིས་བརྩོན་འགྲུས་བྱེད་དེ། གཙང་སྦྲ་བྱས་སོ། ༡༩ ཡང་གྲོང་ཁྱེར་སོ་སོའི་ཡུལ་འཁོར་གྱི་ཀླུངས་ན་གནས་པའི་ཨ་རོན་གྱི་བརྒྱུད་ཀྱི་བླ་མ་རྣམས་སམ། བླ་མ་རྣམས་ཀྱི་སྐྱེས་པ་ཚང་མ་དང་། མི་རབས་ཀྱི་དེབ་ན་མིང་ཆུད་པའི་ལེ་ཝི་པ་ཐམས་ཅད་ལ་སྐལ་བ་འབྲིམ་པར། གྲོང་ཁྱེར་རེ་རེའི་ནང་དུ་མིང་གསལ་གྱིས་བསྐོས་པའི་མི་འགའ་ཞིག་ཡོད་པ་ཡིན།
༢༠ ཧིས་ཀི་ཡཱས་ཡ་ཧུ་དཱ་ཐམས་ཅད་ལ་དེ་བཞིན་དུ་བྱས་ཏེ། ཡ་ཧོ་ཝཱ་རང་གི་དཀོན་མཆོག་གི་དྲུང་དུ་བཟང་པོ་དང་། རིགས་པ་དང་། དྲང་པོ་ཡིན་པ་དེ་བགྱིས་ནས། ༢༡ ཡ་ཧོ་ཝཱའི་ཕོ་བྲང་གི་ཞབས་ཏོག་དང་། བཀའ་ཁྲིམས་དང་། བཀའ་བརྒྱའི་ལས་རྩོམས་པ་ཐམས་ཅད་དང་། རང་གི་དཀོན་མཆོག་ལ་བསྙེན་བཀུར་བྱེད་པ་ལ་ལྟ་སྟེ། སྙིང་ཧྲིལ་པོས་བྱས་པས། གོ་ཡང་ཆོད་དོ༎