༣༠
དེ་ནས་ཧིས་ཀི་ཡཱས་ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གི་མཚན་གྱི་ཕྱིར་དུ་པེ་སག་གི་དུས་ཆེན་བྱེད་དུ། ཡེ་རུ་ཤ་ལེམ་གྱི་ཡ་ཧོ་ཝཱའི་ཕོ་བྲང་ལ་ཤོག་ཅིག སྨྲས་ནས། ཨིས་ར་ཨེལ་དང་ཡ་ཧུ་དཱའི་མི་ཚང་མ་ལ་ཕྲིན་བཏང་སྟེ། ཨེབ་ར་ཨིམ་དང་མ་ན་ཤེ་ལ་ཡི་གེ་སྤྲིངས་སོ། ༢ དེའི་རྒྱུ་ནི། རྒྱལ་པོ་དང་། སྐུ་དྲག་དང་། ཡེ་རུ་ཤ་ལེམ་གྱི་མི་ཚོགས་ཚང་མས་ཟླ་བ་གཉིས་པའི་ནང་དུ་པེ་སག་བྱེད་པའི་གྲོས་བྱས་སོ། ༣ གང་ལ་ཞེ་ན། ཟླ་བ་དང་པོ་ནང་བླ་མ་མང་ཚད་ཀྱིས་རང་གཙང་སྦྲའང་མ་བྱས། མི་སྡེའང་ཡེ་རུ་ཤ་ལེམ་ལ་མ་འཛོམ་པས། པེ་སག་བྱེད་མ་ནུས་སོ། ༤ དེ་ལྟར་བྱེད་པར་རྒྱལ་པོ་དང་མི་ཚོགས་ཚང་མ་རན་ཏེ། ༥ ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གི་མཚན་གྱི་ཕྱིར་པེ་སག་གི་དུས་ཆེན་བྱེད་དུ། ཡེ་རུ་ཤ་ལེམ་ལ་ཤོག་ཅིག སྨྲས་ནས། བེ་ཨེར་ཤེ་བཱ་ནས་དཱན་གྱི་བར་དུ་ཨིས་ར་ཨེལ་ཡོངས་ལ་འཕྲིན་སྒུར་དུ་ཁ་འཆམས་པ་ཡིན། གང་ལ་ཞེ་ན། དེ་དག་གིས་གསུང་རབ་ན་བྲིས་པ་བཞིན་དུ་ཡུན་རིང་པོ་ཞིག་ནས་པེ་སག་མ་བྱས་པ་ཡིན། ༦ ཡང་བང་ཆེན་རྣམས་ཀྱིས་རྒྱལ་པོ་དང་སྐུ་དྲག་གི་ཡི་གེ་བཀུར་ནས། རྒྱལ་པོའི་བཀའ་བཞིན་དུ་ཨིས་ར་ཨེལ་དང་། ཡ་ཧུ་དཱ་ཀུན་ཏུ་ཕྱིན་ཏེ། དེ་དག་ལ། ཀྱེ་ཨིས་ར་ཨེལ་གྱི་བུ་བརྒྱུད། ཨབ་ར་ཧམ་དང་། ཨི་སཱག་དང་། ཨིས་ར་ཨེལ་གྱི་དཀོན་མཆོག་ཡ་ཧོ་ཝཱའི་ཕྱོགས་སུ་འབུངས་ཤིག དེ་ནས་ཨ་སུར་རྒྱལ་པོ་རྣམས་ཀྱི་ལག་ནས་ཐར་བའི་ཕྱི་ལུས་ཀྱི་ཕྱོགས་སུ་སླར་ཁོང་འབྱོན་པར་འགྱུར། ༧ རང་གི་ཕ་མེས་ཀྱི་དཀོན་མཆོག་ཡ་ཧོ་ཝཱའི་བཀའ་ལས་འགལ་བའི་ཕ་མེས་དང་སྤུན་རྣམས་དང་འདྲ་བར་མ་བྱེད་ཅིག ཁྱོད་ཚོས་མཐོང་བ་ལྟར། ཁོང་གིས་དེའི་ཕྱིར་དུ་དེ་དག་ཧན་འཁྱོར་དུ་བཅུག་པ་ལགས། ༨ དེ་བས་ན་ཁྱོད་ཅག་གིས་རང་གི་ཕ་མེས་ལྟར་ཁ་ལོ་གྱོང་པོ་མ་བྱེད་པར། ཡ་ཧོ་ཝཱའི་འབངས་བྱོས་ཤིག ཡང་ཁོང་གིས་དུས་གཏན་གྱི་ཕྱིར་དམ་པར་མཛད་པའི་ཁོང་གི་གཙང་ཁང་དུ་ཤོག་ཅིག ཁྱོད་ཅག་ལས་ཁོང་གི་ཐུགས་ཁྲོ་འཇིགས་སུ་རུང་བ་དེ་འབུད་པའི་ཕྱིར་དུ། ཡ་ཧོ་ཝཱ་དཀོན་མཆོག་ལ་བསྙེན་བཀུར་གྱིས་ཤིག ༩ ཅི་ལ་ཟེར་ན། གལ་ཏེ་ཁྱོད་ཅག་ཡ་ཧོ་ཝཱ་ལ་འབུངས་ན། ཁྱོད་ཅག་གི་སྤུན་དང་ཕྲུ་གུ་རྣམས་གཉའ་ཡལ་དུ་བཟུང་འཁྱེར་བའི་མདུན་དུ་སྙིང་རྗེ་རྙེད་ཅིང་། ཡུལ་འདིར་ལོག་སྟེ་སླེབ་པར་འགྱུར། ཡ་ཧོ་ཝཱ་ཁྱོད་ཅག་གི་དཀོན་མཆོག་ཐུགས་རྗེ་ཅན་དང་སྙིང་རྗེ་ཅན་ལགས་པས། གལ་ཏེ་ཁྱོད་ཅག་ཁོང་གི་ཕྱོགས་སུ་ལོག་འོང་ན། ཁོང་གིས་ཀྱང་ཁྱོད་ཅག་ལས་ཉིད་ཀྱི་ཞལ་རས་མ་སྒྱུར་བར་གཟིགས་པར་འགྱུར་རོ། ཞེས་སྦྲན་ཏོ༎༡༠ དེའི་ཕྱིར་བང་ཆེན་རྣམས་ཨེབ་ར་ཨིམ་དང་མ་ན་ཤེ་ཡུལ་ནས་ཟེ་བུ་ལོན་གྱི་བར་དུ་གྲོང་ཁྱེར་ནས་གྲོང་ཁྱེར་དུ་འཁོར་ནའང་། དེ་དག་ལ་བགད་ཅིང་འཕྱས་སོ། ༡༡ དེ་ནས་ཀྱང་ཨ་ཤེར་དང་མ་ན་ཤེ་དང་ཟེ་བུ་ལོན་གྱི་ནང་ནས་ལ་ལས་གུས་པ་བྱས་ཏེ། ཡེ་རུ་ཤ་ལེམ་དུ་འོངས་སོ། ༡༢ ཡ་ཧོ་ཝཱའི་བཀའི་སྟབས་ཀྱིས་དེ་དག་རྒྱལ་པོ་དང་སྐུ་དྲག་དག་གི་བཀའ་བཞིན་དུ་བྱེད་པའི་ཕྱིར་དུ། དེ་དག་ལ་སྙིང་གཅིག་གནང་བ་ལ་ཡ་ཧུ་དཱའི་ཐོག་ཏུའང་དཀོན་མཆོག་གི་ཕྱག་ཡོད་པ་ཡིན།
༡༣ དེ་ནས་ཟླ་བ་གཉིས་པ་ནང་རུ་མ་མེད་པའི་བག་ལེབ་ཀྱི་དུས་ཆེན་བྱེད་དུ། མི་མང་པོ་ཡེ་རུ་ཤ་ལེམ་དུ་འཛོམས་པའི་མི་ཚོགས་ནི་རབ་ཏུ་ཆེ་བ་ཞིག་ཏུ་གྱུར་ཏོ། ༡༤ ཡང་དེ་རྣམས་ལངས་ཏེ། ཡེ་རུ་ཤ་ལེམ་ན་ཡོད་པའི་མཆོད་ཁྲི་དང་། བསངས་གཏོང་བའི་སྟེགས་ཐམས་ཅད་བཤིག་ནས། ཀིད་རོན་གྲོག་པོ་ལ་དབྱུག་སོ། ༡༥ དེ་ནས་དེ་རྣམས་ཀྱིས་ཟླ་བ་གཉིས་པའི་ཚེས་བཅུ་བཞི་པར་པེ་སག་གི་ལུ་གུ་བསད་པ་དང་། བླ་མ་དང་ལེ་ཝི་པ་རྣམས་ངོ་ཚ་ཞིང་གཙང་སྦྲ་བྱས་ཏེ། ཡ་ཧོ་ཝཱའི་ཕོ་བྲང་དུ་སྦྱིན་སྲེག་གི་མཆོད་པ་ཕུལ་ནས། ༡༦ རང་གི་ཁྲིམས་བཞིན་དུ་དཀོན་མཆོག་གི་སྐྱེས་བུ་མོ་ཤེའི་བཀའ་ཁྲིམས་དང་བསྟུན་ཏེ། རེ་རང་གི་མལ་དུ་ལངས་བསྡད་དེ། བླ་མ་རྣམས་ཀྱིས་ལེ་ཝི་པའི་ལག་ནས་ཁྲག་བླངས་ཏེ་གཏོར་ཏོ། ༡༧ དེ་ཅིའི་ཕྱིར་ཞེ་ན། མི་ཚོགས་ཀྱི་ནང་ན་གཙང་སྦྲ་མ་བྱས་པ་མང་པོ་ཡོད་པས། ཡ་ཧོ་ཝཱའི་ཕྱིར་གཙང་སྦྲ་མ་བྱས་པ་ཐམས་ཅད་ཀྱི་ཚབ་ཏུ་ལེ་ཝི་པ་རྣམས་ཀྱིས་པེ་སག་གི་ལུ་གུ་བསད་པ་ཡིན། ༡༨ གང་ལ་ཞེ་ན། ཨེབ་ར་ཨིམ་དང་། མ་ན་ཤེ་དང་། ཨི་ས་གར་དང་། ཟེ་བུ་ལོན་བཞིའི་ནང་ནས། མི་ཚོགས་ཆེན་པོ་ཞིག་གིས་གཙང་སྦྲ་མ་བྱས་ནས། བྲིས་པའི་བཀའ་དང་མ་མཐུན་པར། པེ་སག་བཟས་སོ། ཡང་ཧིས་ཀི་ཡཱས་དེ་དག་གི་དོན་དུ་གསོལ་བ་བཏབ་སྟེ། ༡༩ ཀྱེ་ཡ་ཧོ་ཝཱ། བཟང་པོ་ལགས། ཕ་མེས་རྣམས་ཀྱི་དཀོན་མཆོག་ཡ་ཧོ་ཝཱ་འཚོལ་བར་སྙིང་ཕུལ་མཁན་ཐམས་ཅད་ལ་ཁྱེད་དཀོན་མཆོག་གིས་ཐུགས་རྗེས་གཟིགས་ཏེ། དམ་པའི་གནས་ཀྱི་གཙང་སྦྲ་བཞིན་དུ་གཙང་བར་གྱུར་ཏེ་མེད་ནའང་སེལ་བར་མཛོད། ཞུས་པས། ༢༠ ཡ་ཧོ་ཝཱས་ཧིས་ཀི་ཡཱ་ལ་གསན་ནས། མི་རྣམས་ཀྱི་སྡིག་པ་བསལ་ཏོ། ༢༡ ཡང་ཡེ་རུ་ཤ་ལེམ་དུ་འཛོམས་པའི་ཨིས་ར་ཨེལ་གྱི་བུ་བརྒྱུད་རབ་ཏུ་དགའ་ཞིང་། ཞག་བདུན་རུ་མ་མེད་པའི་དུས་ཆེན་བྱས། ལེ་ཝི་པ་དང་བླ་མ་རྣམས་ཀྱིས་ཞག་རེ་བཞིན་དུ་རོལ་མོ་ཡི་ཅ་ཅོ་ཆེན་པོས་ཡ་ཧོ་ཝཱ་ལ་བསྟོད་བསྔགས་སོ། ༢༢ ཡང་ཡ་ཧོ་ཝཱའི་མཁྱེན་རབ་སྟོན་པའི་ལེ་ཝི་པ་ཚང་མ་ལ་ཧིས་ཀི་ཡཱས་སེམས་སྐྱིད་ཀྱི་གཏམ་བྱས། དེ་དག་གིས་ཞག་བདུན་སྟོན་མོ་ཟ་ཞིང་། ཞི་བདེའི་མཆོད་པ་མཆོད་ཅིང་། ཡ་ཧོ་ཝཱ་རང་གི་ཕ་མེས་ཀྱི་དཀོན་མཆོག་ལ་གཏང་རག་ཕུལ་ཏོ༎
༢༣ དེ་ནས་ཞག་བདུན་དུས་ཆེན་བྱེད་དུ་མི་ཚོགས་ཚང་མས་བགྲོས་ནས། ཡི་རང་བཞིན་ཡང་ཉིན་ཞག་བདུན་དུས་ཆེན་བྱས་སོ། ༢༤ དེ་ཅིའི་ཕྱིར་ཞེ་ན། ཡ་ཧུ་དཱའི་རྒྱལ་པོ་ཧིས་ཀི་ཡཱས་མི་ཚོགས་དེ་ལ་གླང་ཆིག་སྟོང་དང་ལུག་བདུན་སྟོང་གནང་སྟེ། སྐུ་དྲག་དག་གིས་ཀྱང་མི་ཚོགས་ལ་གླང་སྟོང་ཚོ་གཅིག་དང་ལུག་ཁྲི་ཁྲག་གཅིག་བྱིན་པ་ཡིན། ཡང་བླ་མ་སྡོམས་ཆེ་བ་ཞིག་གིས་རང་ལ་གཙང་སྦྲ་བྱས་སོ། ༢༥ དེ་ནས་ཡ་ཧུ་དཱའི་མི་ཚོགས་ཀུན་དང་། བླ་མ་དང་ལེ་ཝི་པ་རྣམས་དང་། ཨིས་ར་ཨེལ་གྱི་ནང་ནས་འོངས་པའི་མི་ཚོགས་ཚང་མ་དང་། ཨིས་ར་ཨེལ་ཡུལ་ནས་འོངས་པའི་རྒྱལ་ཁམས་པ་དང་། ཡ་ཧུ་དཱ་རུ་གཞིས་ཕབ་པ་རྣམས་ལ་སྐྱིད་པོ་བྱུང་བས། ༢༦ ཡེ་རུ་ཤ་ལེམ་ལ་ཡང་བདེ་སྐྱིད་ཆེན་པོ་ཞིག་བྱུང་། གང་ལ་ཞེ་ན། དཱ་བིད་ཀྱི་སྲས་རྒྱལ་པོ་ཤ་ལོ་མོའི་དུས་ཚུན་ཆད་དུ་དེ་འདྲ་བ་ཞིག་ཡེ་རུ་ཤ་ལེམ་དུ་མ་བྱུང་ངོ་། ༢༧ དེའི་འོག་ཏུ་ལེ་ཝི་པ་དང་། བླ་མ་རྣམས་ལངས་ནས། མི་ཚོགས་ལ་བྱིན་རླབས་མཛད་དེ། ཞུ་སྒྲ་ལ་གསན་བྱུང་། དེ་དག་གི་གསོལ་འདེབས་ནི་ཁོང་གི་བཞུགས་གནས་དམ་པ་ནམ་མཁའ་རུ་ཕྱིན་ཏོ༎