༢༩
ཧིས་ཀི་ཡཱ་ལོ་ཉེར་ལྔ་ལོན་དུས་སུ་རྒྱལ་པོར་གྱུར་ནས། ཡེ་རུ་ཤ་ལེམ་དུ་ལོ་ཉེར་དགུ་རྒྱལ་སྲིད་བསྐྱངས། ཟ་ཀར་ཡཱའི་སྲས་མོ་ཨ་བི་ཡཱ་བྱ་བ་ནི་དེའི་ཡུམ་མོ། ༢ དེས་རང་གི་ཡབ་མེས་དཱ་བིད་ཀྱི་མཛད་པ་ཐམས་ཅད་དང་བསྟུན་ཏེ། ཡ་ཧོ་ཝཱའི་གཟིགས་ངོར་གང་རིགས་པ་ཡིན་པ་དེ་མཛད་དོ༎༣ དེས་རྒྱལ་སྲིད་བྱེད་པའི་ལོ་དང་པོའི་ཟླ་བ་དང་པོ་ན། ཡ་ཧོ་ཝཱའི་ཕོ་བྲང་གི་སྒོ་རྣམས་ཕྱེས་ཏེ། དེ་རྣམས་ལ་བཞིག་སོས་བྱས། ༤ ཡང་བླ་མ་དང་ལེ་ཝི་པ་རྣམས་བཀུག་ནས། ཤར་ཕྱོགས་ཀྱི་ས་སྟོང་ལ་བསྡུས་ཏེ་དེ་དག་ལ། ༥ ཀྱེ་ལེ་ཝི་པ་རྣམས། ང་ལ་ཉོན། ཁྱོད་ཅག་རང་གཙང་སྦྲ་བྱོས། ཡང་ཡ་ཧོ་ཝཱ་རང་གི་ཕ་མེས་ཀྱི་དཀོན་མཆོག་གི་ཕོ་བྲང་དེ་གཙང་བར་བྱོས་ལ། དམ་པའི་གནས་ཀྱི་ནང་ནས་གྲིབ་ཅན་དེ་ཕྱུང་ཞིག ༦ དེ་ཅིའི་ཕྱིར་ཞེ་ན། འོ་ཅག་གི་ཕ་མེས་རྣམས་ཀྱིས་ཉེས་སྡིག་བྱས། ཡ་ཧོ་ཝཱ་ངེད་ཀྱི་དཀོན་མཆོག་གི་སྤྱན་སྔར་ངན་པ་བྱས། ཁོང་སྤངས། ཡ་ཧོ་ཝཱའི་བཞུགས་གནས་ཀྱི་ཕྱོགས་ལས་ཀུན་གྱིས་གདོང་པ་བསྒྱུར་ནས། རྒྱབ་བསྟན་ཏོ། ༧ ཡང་དེ་དག་གིས་སྒོ་འབྱོར་གྱི་སྒོ་རྣམས་བཅུག མཆོད་མེ་རྣམས་བསད། ཨིས་ར་ཨེལ་གྱི་དཀོན་མཆོག་ལ་གནས་དམ་པའི་ནང་དུ་སྤོས་ཀྱང་མ་བདུགས། སྦྱིན་སྲེག་གི་མཆོད་པ་ཡང་མ་ཕུལ་བས། ༨ དེའི་རྐྱེན་གྱིས་ཡ་ཧུ་དཱ་དང་ཡེ་རུ་ཤ་ལེམ་གྱི་ཐོག་ཏུ་ཡ་ཧོ་ཝཱའི་ཐུགས་ཁྲོ་བབས། ཁྱོད་ཚོའི་མིག་གིས་མཐོང་བ་ལྟར་དུ། ཁོང་གིས་དེ་རྣམས་ངན་པའི་ནང་དུ་བསྐྱུར་ཏེ། ཧན་འཁྱོར་བ་དང་འོ་ཤོའི་གནས་སུ་མཛད་བྱུང་། ༩ ལྟོས་ཤིག དེའི་རྒྱུ་རྐྱེན་གྱིས་འོ་ཅག་གི་ཕ་རྣམས་རལ་གྲིས་བརྡབས། བུ་དང་བུ་མོ་དང་ཆུང་མ་རྣམས་གཉའ་ཡལ་བྱུང་། ༡༠ ད་ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གི་ཐུགས་ཁྲོ་དྲག་པོ་དེ། འོ་ཅག་ལས་འབུད་པའི་དོན་དུ། ཁོང་དང་མཉམ་དུ་དམ་བཅའ་བྱེད་པ་ལ་ང་འདོད་དོ། ༡༡ ངའི་བུ་རྣམས། ཡ་ཧོ་ཝཱས་ཁྱོད་ཅག་ནི་ཁོང་གི་དྲུང་དུ་ལང་ཞིང་རིམ་གྲོ་བྱེད་པ་དང་། བདག་རྐྱེན་ཞུ་བ་དང་། སྤོས་བདུག་པའི་ཕྱིར་འདམས་པ་ཡིན་པས། ད་མ་གཡེངས་ཤིག ཅེས་བསྐུལ་བ་དང་།
༡༢ ལེ་ཝི་པ་རྣམས་ལངས་ཏེ། ཀོ་ཧད་པའི་བུ་རྣམས་ཀྱི་ཁྲོད་ནས། ཨ་མ་སཱ་ཨིའི་བུ་མ་ཧད་དང་། ཨ་ཟར་ཡཱའི་བུ་ཡོ་ཨེལ་དང་། མེ་རཱ་རིའི་བུ་རྣམས་ནས། ཨབ་དཱིའི་བུ་ཀིས་དང་། ཡེ་ཧལ་ལེལ་ཨེལ་གྱི་བུ་ཨ་ཟར་ཡཱ་དང་། གེར་ཤོན་པའི་བུ་རྣམས་ལས། ཟིམ་མཱའི་བུ་ཡོ་ཨ་དང་། ཡོ་ཨའི་བུ་ཨེ་དེན་དང་། ༡༣ ཨེ་ལི་ཚ་ཕན་གྱི་བུ་རྣམས་ལས། ཤིམ་རི་དང་ཡེ་ཧི་ཨེལ་དང་། ཨ་སབ་ཀྱི་བུ་རྣམས་ལས། ཟ་ཀར་ཡཱ་དང་། མད་ཐན་ཡཱ་དང་། ༡༤ ཧེ་མཱན་གྱི་བུ་རྣམས་ལས། ཡེ་ཧི་ཨེལ་དང་། ཤི་མེ་ཨི་དང་། ཡེ་དུ་ཐུན་གྱི་བུ་རྣམས་ལས། ཤེ་མ་ཡཱ་དང་ཨུ་ཟི་ཨེལ། ༡༥ དེ་དག་གིས་རང་གི་སྤུན་རྣམས་བསྡུས་ནས། རང་ལ་གཙང་སྦྲ་བྱས་ཏེ། ཡ་ཧོ་ཝཱའི་བཀའ་ལ་རག་ལས་ཏེ་རྒྱལ་པོས་བསྒོ་བ་བཞིན་དུ། ཡ་ཧོ་ཝཱའི་ཕོ་བྲང་ལ་བྱི་དོར་བྱེད་དུ་ཆས་ནས། ༡༦ བླ་མ་དག་ཡ་ཧོ་ཝཱའི་ཕོ་བྲང་གི་སྦུགས་མ་བྱི་དོར་བྱེད་དུ་ཞུགས་ནས། ཡ་ཧོ་ཝཱའི་མཆོད་ཁང་གི་ནང་ན་ཡོད་པའི་གྲིབ་ཅན་ཚང་མ་ཡ་ཧོ་ཝཱའི་སྡེ་ཡངས་ཀྱི་ནང་དུ་བཏོན་པ་དང་། ལེ་ཝི་པ་རྣམས་ཀྱིས་ཕྱི་རོལ་ཏུ་ཀིད་རོན་གྲོག་པོ་ལ་སྐྱེལ་དུ་ཐོགས་པ་ཡིན། ༡༧ དེ་ལྟར་དེ་དག་གིས་ཟླ་བ་དང་པོའི་ཚེས་པ་གཅིག་ཞག་གཙང་སྦྲ་བྱེད་པར་བརྩམས་ནས། ཟླ་བ་དེའི་ཚེས་པ་བརྒྱད་པར་ཡ་ཧོ་ཝཱའི་ཕོ་བྲང་གི་སྒོ་འབྱོར་དུ་བསླེབས། ཞག་བརྒྱད་ཀྱི་བར་དུ་ཡ་ཧོ་ཝཱའི་ཕོ་བྲང་ལ་བྱི་དོར་བྱས་ནས། ཟླ་བ་དང་པོའི་ཚེས་བཅུ་དྲུག་པར་ལས་ཚང་མ་གྲུབ་བོ༎
༡༨ དེ་ནས་དེ་དག་རྒྱལ་པོ་ཧིས་ཀི་ཡཱ་གང་ན་བར་ཕྱིན་ཏེ། དེ་ལ། བདག་ཅག་གིས་ཡ་ཧོ་ཝཱའི་ཕོ་བྲང་ཚང་མ་དང་། སྦྱིན་སྲེག་གི་མཆོད་ཁྲི་དང་། དེའི་མཆོད་ཆས་ཚང་མ་དང་། སྤྱན་གཟིགས་ཀྱི་བག་ལེབ་ཀྱི་གསོལ་ལྕོག་དང་། དེའི་ཡོ་བྱད་ཚང་མ་བྱི་དོར་བྱས་པ་ཡིན། ༡༩ གཞན་ཡང་རྒྱལ་པོ་ཨ་ཧས་ཀྱིས་སྲིད་བྱེད་དུས་སུ་མཚམས་མེད་པར་བྱས་ཏེ། དབྱུགས་ནས་བཞག་བའི་ཡོ་བྱད་ཐམས་ཅད་ཡང་བདག་ཅག་གིས་བཤམས་ནས། དམ་པར་བྱས་སོ། གཟིགས། ད་དེ་རྣམས་ཡ་ཧོ་ཝཱའི་མཆོད་ཁྲིའི་དྲུང་ན་ཡོད་ཞུས་པ་ལས།
༢༠ རྒྱལ་པོ་ཧིས་ཀི་ཡཱ་སྔ་གསར་ལངས་ཏེ། རྒྱལ་སའི་འགོ་བྱེད་རྣམས་བཀུག་ནས། ཡ་ཧོ་ཝཱའི་ཕོ་བྲང་དུ་འཛེགས་སོང་སྟེ། ༢༡ རྒྱལ་ཁམས་དང་གཙང་ཁང་དང་ཡ་ཧུ་དཱའི་སྡིག་བཤགས་ཀྱི་མཆོད་པའི་ཕྱིར་གླང་བདུན། ལུག་ཐུག་བདུན། ར་ཐུག་བདུན་ཁྱེར་ཏེ། རྒྱལ་པོས་ཨ་རོན་བརྒྱུད་ཀྱི་བླ་མ་རྣམས་ལ་དེ་དག་ཡ་ཧོ་ཝཱའི་མཆོད་ཁྲིའི་ཁར་འབུལ་དུ་བཀའ་གནང་བ་དང་། ༢༢ དེ་དག་གིས་གླང་དེ་རྣམས་བཀུམ་ནས། བླ་མས་ཁྲག་བཟུང་སྟེ་མཆོད་ཁྲིའི་ཁར་གཏོར་ཏོ། དེ་བཞིན་དུ་ལུག་ཐུག་རྣམས་བསད་དེ། ཁྲག་དེ་མཆོད་ཁྲི་ལ་གཏོར་བར་བྱས་ཏེ། ལུག་གུ་རྣམས་ཀྱང་བསད་དེ། ཁྲག་དེ་མཆོད་ཁྲི་ལ་གཏོར་ཏོ། ༢༣ ཡང་སྡིག་བཤགས་ཀྱི་མཆོད་པར་ར་ཐུག་རྣམས་རྒྱལ་པོ་དང་མི་ཚོགས་ཀྱི་མདུན་དུ་ཁྲིད་ཁྱེར་བ་དང་། དེ་ཚང་མས་དེ་རྣམས་ཀྱི་ཁར་ལག་པ་བཞག་གོ། ༢༤ དེ་ནས་བླ་མ་རྣམས་ཀྱིས་དེ་རྣམས་བསད་དེ། ཨིས་ར་ཨེལ་ཐམས་ཅད་ཀྱི་སྡིག་བཤགས་སུ་ར་ཐུག་གི་ཁྲག་མཆོད་ཁྲི་ལ་གཏོར་ཏོ། དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོས་ཨིས་ར་ཨེལ་ཐམས་ཅད་ཀྱི་དོན་དུ་སྦྱིན་སྲེག་དང་སྡིག་བཤགས་ཀྱི་མཆོད་པ་འབུལ་བར་དགོས། ཞེས་བསྒོ་བ་ཡིན།
༢༥ ཡང་དེས་དཱ་བིད་དང་རྒྱལ་པོའི་མངོན་ཤེས་པ་གད་དང་ལུང་སྟོན་པ་ནཱ་ཐན་གྱིས་བསྒོ་བ་བཞིན་དུ། ལེ་ཝི་པ་རྣམས་སྦུག་ཆོལ་དང་། སྒྲ་སྙན་དང་། ཀོ་ཕོངས་དང་བཅས་སུ་ཡ་ཧོ་ཝཱའི་ཕོ་བྲང་ལ་བཞག་གོ། ཅི་ལ་ཞེ་ན། ཡ་ཧོ་ཝཱས་ཉིད་ཀྱི་ལུང་སྟོན་པ་རྣམས་རྒྱུད་དེ་དེ་བཞིན་བྱེད་དུ་བཀའ་སྩལ་བ་ཡིན། ༢༦ དེ་ནས་ལེ་ཝི་པ་རྣམས་ཀྱིས་དཱ་བིད་ཀྱི་རོལ་ཆས་དང་། བླ་མ་རྣམས་ཀྱིས་རྒྱ་དུང་བཀུར་ཏེ་ལངས་པ་དང་། ༢༧ ཧིས་ཀི་ཡཱས། སྦྱིན་སྲེག་གི་ཁར་ཕུལ་ཞིག་ཅེས་བཀའ་སྩལ་ནས། སྦྱིན་སྲེག་འབུལ་དུ་གཟས་པ་ཙམ་གྱིས། རྒྱ་དུང་དང་ཨིས་ར་ཨེལ་གྱི་རྒྱལ་པོ་དཱ་བིད་ཀྱི་རོལ་ཆས་དང་བཅས་སུ་ཡ་ཧོ་ཝཱའི་མགུར་མ་ཡང་ཚུགས་སོ། ༢༨ སྦྱིན་སྲེག་འཚིག་རིང་བར་དུ་མི་ཚོགས་ཀུན་གྱིས་ཕྱག་བཙལ། གླུ་མཁན་དག་གིས་མགུར་བླངས། དུང་པ་དག་གིས་རྒྱ་དུང་ཕུས་སོ། ༢༩ མཆོད་པ་འབུལ་འཕྲོ་རྫོགས་པ་དང་། རྒྱལ་པོ་དང་། ཁོང་དང་མཉམ་ཡོད་པ་ཚང་མས་ཆོས་ཕྱག་ཕུལ་ཏོ། ༣༠ དེ་ནས་རྒྱལ་པོ་ཧིས་ཀི་ཡཱ་དང་སྐུ་དྲག་རྣམས་ཀྱིས་ལེ་ཝི་པ་རྣམས་ལ། དཱ་བིད་དང་མངོན་བཤེས་པ་ཨ་སབ་ཀྱི་མགུར་མ་ལེན་ཞིང་ཡ་ཧོ་ཝཱ་ལ་སྟོད་དབྱངས་གྱིས་ཤིག བསྒོ་བ་དང་། དེ་དག་ཡི་རངས་ཤིང་བསྟོད་དབྱངས་ཕུལ་ཏེ། ཆོས་ཕྱག་ཕུལ་ཏོ༎
༣༡ ཡང་ཧིས་ཀི་ཡཱས། ཡ་ཧོ་ཝཱའི་ཆེད་དུ་ཁྱོད་ཚང་མ་གཙང་སྦྲ་བྱས་ཡོད་པས། ཉེ་བར་སོང་ནས། དམར་མཆོད་དང་། གཏང་རག་གི་མཆོད་པ་རྣམས་ཡ་ཧོ་ཝཱའི་ཕོ་བྲང་གི་ནང་དུ་འབུལ་བའི་རིགས། བསྒོ་བས། ཚོགས་ཀྱིས་དམར་མཆོད་དང་གཏང་རག་གི་མཆོད་པ་ཕུལ་ཏེ། སྙིང་དག་པ་རྣམས་ཀྱིས་སྦྱིན་སྲེག་གི་མཆོད་པ་ཕུལ་ཏོ། ༣༢ ཚོགས་ཀྱིས་ཕུལ་བའི་སྦྱིན་སྲེག་གི་མཆོད་པའི་གྲངས་ནི། གླང་བདུན་ཅུ། ལུག་ཐུག་བརྒྱ་དང་། ལུ་གུ་ཉིས་བརྒྱ་སྟེ། དེ་ཀུན་ཡ་ཧོ་ཝཱ་ལ་སྦྱིན་སྲེག་གི་ཕྱིར་ཕུལ་བྱུང་། ༣༣ ཡང་གླང་དྲུག་བརྒྱ་དང་། ལུག་སུམ་སྟོང་ཡང་བསྔོས་སོ། ༣༤ བླ་མ་ཉུང་ངུ་ཡོད་པའི་རྐྱེན་གྱིས་མཆོད་བྱ་ཐམས་ཅད་ཀྱི་པགས་པ་ཤུ་མ་ནུས་པ་དང་། དེ་དག་གི་སྤུན་ལེ་ཝི་པ་རྣམས་ཀྱིས་ལས་འགྲུབ་པའི་བར་དུ་གྲོགས་བྱས། དེའི་བར་དུ་གཞན་བླ་མ་རྣམས་ཀྱིས་རང་ལ་གཙང་སྦྲ་བྱས་སོ། གང་ལ་ཞེ་ན། གཙང་སྦྲ་བྱེད་དུ་བླ་མ་ལས་ལེ་ཝི་པའི་སྙིང་ཐེབ་དྲང་པོ་ཡོད་པ་ཡིན། ༣༥ དེར་སྦྱིན་སྲེག་གི་མཆོད་པ་དང་། ཞི་བདེའི་མཆོད་པའི་ཚིལ་དང་། སྦྱིན་སྲེག་གི་གསེར་སྐྱེམས་ཡང་རབ་ཏུ་མང་པོ་ཡོད་པ་ཡིན། དེ་ལྟར་ཡ་ཧོ་ཝཱའི་ཕོ་བྲང་གི་ཞབས་ཏོག་གི་གྲལ་ལེགས་པར་བསྒྲིགས། ༣༦ ཡང་དཀོན་མཆོག་གིས་མི་སྡེའི་ལས་གྲལ་མཛད་དེ། བྱ་བ་དེ་བློ་བུར་དུ་གྲུབ་པས། ཧིས་ཀི་ཡཱ་དང་མི་ཚོགས་ཚང་མ་དགའ་ཞིང་མགུ་བར་གྱུར་ཏོ༎