༢༨
ཨ་ཧས་རྒྱལ་པོར་འགྱུར་དུས་སུ། ལོ་ཉི་ཤུ་ལོན་ཏེ། ཡེ་རུ་ཤ་ལེམ་ལ་ལོ་བཅུ་དྲུག་རྒྱལ་སྲིད་མཛད་ཀྱིས། རང་གི་ཡབ་དཱ་བིད་དང་འདྲ་བར་ཡ་ཧོ་ཝཱའི་གཟིགས་ངོར་རིགས་པ་དེ་མ་བྱས་ཀྱིས། ༢ ཨིས་ར་ཨེལ་གྱི་རྒྱལ་པོ་རྣམས་ཀྱི་འགྲུལ་ལུགས་བཞིན་དུ་འགྲུལ་ཏེ། བ་ཨཱལ་རྣམས་ཀྱི་ཕྱིར་བླུགས་སྐུ་བཟོས། ༣ ཡང་བེན་ཧིན་ནོམ་བྱ་བའི་ལུང་པ་རུ་བསངས་བཏངས་ཏེ། ཡ་ཧོ་ཝཱས་ཨིས་ར་ཨེལ་གྱི་བུ་བརྒྱུད་ཀྱི་མདུན་ལས་བསྐྲད་པའི་ཕྱི་པའི་ཞེན་ལོག་གི་ཁྲིམས་བཞིན་དུ་རང་གི་བུ་རྣམས་མེར་བསྲེགས་སོ། ༤ དེས་མཐོ་གླིང་དང་། རིའི་སྟེང་དང་། སྐྱེ་ཤིང་རེ་རེའི་ལྐོག་ཏུ་མཆོད་པ་ཕུལ་ཏེ། བསངས་ཀྱང་བཏང་།༥ དེའི་སླད་དུ་ཡ་ཧོ་ཝཱ་དེའི་དཀོན་མཆོག་གིས་ཁོ་ཨ་རམ་པའི་རྒྱལ་པོའི་ལག་ཏུ་བཏད་པས། དེ་དག་གིས་དེ་དྲལ་ནས། མི་ཚོགས་ཆེན་པོ་ཞིག་གཉའ་ཡལ་དུ་ཁྱེར་ཏེ། ད་མཱ་སེག་ཏུ་དྲངས་སོ། ཡང་ཁོ་ཨིས་ར་ཨེལ་གྱི་རྒྱལ་པོའི་ལག་ཏུ་བཏད་ནས། གསོད་གཏུབ་ཆེན་པོ་བཏང་ནས། ཁོ་དྲལ་ལོ། ༦ དེ་དག་གིས་ཡ་ཧོ་ཝཱ་རང་གི་ཕ་མེས་ཀྱི་དཀོན་མཆོག་དེ་བསྐྱུར་བས་ན། རེ་མལ་ཡཱའི་བུ་པེ་ཀཱས་ཞག་གཅིག་ན་ཡ་ཧུ་དཱ་པའི་ནང་ནས་དམག་མི་རྩལ་ཅན་ཆིག་འབུམ་ཉི་ཁྲི་བསད་པ་ཡིན། ༧ ཡང་ཨེབ་ར་ཨིམ་གྱི་མི་དཔའ་བོ་ཟིག་རི་ཡིས་རྒྱལ་སྲས་མ་ཨ་སེ་ཡཱ་དང་། མཁར་གྱི་ཕྱག་མཛོད་ཨས་རེ་ཀམ་དང་། རྒྱལ་པོའི་བློན་ཆེན་ཨེལ་ཀཱ་ནཱ་གསུམ་པོ་བསད་དེ། ༨ ཨིས་ར་ཨེལ་པས་རང་གི་སྤུན་ཡ་ཧུ་དཱ་པའི་ནང་ནས་བུད་མེད་དང་བུ་དང་བུ་མོ་བཅས་འབུམ་ཕྲག་གཉིས་གཉའ་ཡལ་དུ་ཁྱེར་བ་མ་ཟད། དེ་དག་ལས་ནོར་མང་པོ་བཅོམ་ནས། བཅོམ་ནོར་དེ་རྣམས་ས་མར་ཡཱ་རུ་ཁྱེར་ཏོ༎
༩ དེར་ཡ་ཧོ་ཝཱའི་ལུང་སྟོན་པ་ཨོ་དེད་བྱ་བ་ཞིག ས་མར་ཡཱ་རུ་ལོག་འོངས་བའི་དམག་ཚོགས་ལ་བསུ་བར་ཕྱིན་ཏེ། དེ་དག་ལ། ལྟོས་ཤིག ཡ་ཧོ་ཝཱ་ཁྱོད་ཅག་གི་ཕ་མེས་ཀྱི་དཀོན་མཆོག་ནི་ཡ་ཧུ་དཱ་ལ་ཐུགས་ཁྲོས་ཏེ། ཁྱོད་ཅག་གི་ལག་ཏུ་བཏད་དོ། ཁྱོད་ཚོས་ཁྲོའི་ནང་དུ་དེ་རྣམས་བསད་བསད་པ་ལས། དེའི་སྒྲ་ནམ་མཁར་བསླེབས། ༡༠ ད་ནི་ཁྱོད་ཚོས་ཡ་ཧུ་དཱའི་བུ་བརྒྱུད་དང་ཡེ་རུ་ཤ་ལེམ་འོག་ཏུ་བཅུག་སྟེ། གཉའ་ཡལ་དང་གཉའ་ཡལ་མོར་བྱེད་དུ་དམིགས་པས། འདི་ནི་ཡ་ཧོ་ཝཱ་ཁྱོད་ཅག་གི་དཀོན་མཆོག་གི་དྲུང་དུ་ཁྱོད་ཅག་རང་གི་སྡིག་པ་མིན་ནམ། ༡༡ དེ་བས་ན་ང་ལ་ཉོན་དང་། ཡ་ཧོ་ཝཱའི་ཐུགས་ཁྲོ་དྲག་པོ་ནི་ཁྱོད་ཅག་གི་ཁར་ཡོད་པས། ཁྱོད་ཚོས་རང་གི་སྤུན་གྱི་ནང་ནས་བཟུང་བའི་གཉའ་ཡལ་རྣམས་ཕུད་ཅིག ཅེས་གདམས་པ་དང་།
༡༢ ཨེབ་ར་ཨིམ་པའི་འགོ་བྱེད་ཀྱི་ནང་ནས་ཡོ་ཧ་ནན་གྱི་བུ་ཨ་ཟར་ཡཱ་དང་། མེ་ཟིལ་ལེ་མོད་ཀྱི་བུ་བེ་རེག་ཡཱ་དང་། ཤལ་ལུམ་གྱི་བུ་ཡེ་ཧིས་ཀི་ཡཱ་དང་། ཧད་ལཱ་ཨི་ཡི་བུ་ཨ་མ་སཱ་ལྔ་ལངས་ཏེ། དམག་ལས་འོངས་པ་རྣམས་བཀག་ནས་དེ་དག་ལ། ༡༣ ཁྱོད་ཚོས་གཉའ་ཡལ་འདི་དག་ནང་དུ་འཁྱེར་བའི་མི་རིགས་ཏེ། འོ་སྐོལ་གྱིས་ཡ་ཧོ་ཝཱའི་དྲུང་དུ་སྡིག་པ་བྱས་ཟིན་པའི་སྣོན་མར། ད་དུང་ཁྱོད་ཚོས་འོ་སྐོལ་གྱི་སྡིག་པ་དང་འགལ་སྐྱོན་ལྷག་པར་བྱེད་དུ་འདོད། གང་ལ་ཞེ་ན། འོ་སྐོལ་གྱི་སྡིག་པ་ཆེ་བས། ཨིས་ར་ཨེལ་གྱི་ཐོག་ཏུ་ཐུགས་ཁྲོ་ཆེན་པོ་ཡོད་ཅེས་ཟེར་བས། ༡༤ དམག་ཆས་སྤྲད་ཡོད་པ་རྣམས་ཀྱིས་སྐུ་དྲག་དང་མི་ཚོགས་ཚང་མའི་མདུན་དུ་གཉའ་ཡལ་རྣམས་བཅོམ་ནོར་དང་བཅས་སུ་ཕུད་བཏང་སྟེ། ༡༥ གོང་བརྗོད་ཀྱི་སྐྱེ་བོ་རྣམས་ལངས་ནས། གཉའ་ཡལ་དེ་རྣམས་ཁྱེར་ཏེ། དེ་དག་གི་ནང་ནས་གཅེར་བུར་ཡོད་པ་ཐམས་ཅད་ལ་བཅོམ་ནོར་གྱི་ནང་ནས་གོས་བསྐོན་ཏེ། གཟབས་སུ་བཅུག་ནས་ལྷམ་བསྐོན་ཏེ། བཟའ་བཏུང་བསྟེར། སྣུམ་གྱིས་བྱུགས། དེ་དག་གི་ཁྲོད་ན་ཡོད་པའི་མི་རྒུད་པོ་རྣམས་བོང་བུར་བསྐྱོན་ཏེ། ཁ་ཟུར་ཤིང་གི་གྲོང་ཁྱེར་ཡེ་རི་ཀོ་རུ་དེ་དག་གི་སྤུན་གྱི་དྲུང་དུ་བསྐྱལ་ནས། ས་མར་ཡཱ་རུ་ལོག་འོངས་སོ༎
༡༦ དེའི་ཚེ་རྒྱལ་པོ་ཨ་ཧས་ཀྱིས་ཨ་སུར་གྱི་རྒྱལ་པོ་རྣམས་ལ་སྐྱབས་ཞུ་རུ་བང་ཆེན་བཏང་བ་ཡིན། ༡༧ གང་ལ་ཞེ་ན། ཨེ་དོམ་པ་རྣམས་ཡང་སྐྱར་འོངས་ནས། ཡ་ཧུ་དཱ་དྲལ་ཏེ། མི་རྣམས་གཉའ་ཡལ་དུ་བཟུང་སྟེ་ཁྱེར། ༡༨ ཕེ་ལེ་ཤེད་པས་ཀྱང་ཡ་ཧུ་དཱའི་གཤམ་ཕྱོགས་དང་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་རྣམས་བཅོམ་སྟེ། བེད་ཤེ་མེས་དང་། ཨ་ཡ་ལོན་དང་། གེ་དེ་རོད་དང་། སོ་ཀོ་དང་དེའི་ཡུལ་གྲུ་རྣམས་དང་། ཐིམ་ནཱ་དང་དེའི་ཡུལ་གྲུ་རྣམས་དང་། གིམ་ཟོ་དང་དེའི་ཡུལ་གྲུ་བཅས་བླངས་ཏེ། དེར་གཞིས་ཕབ་བོ། ༡༩ དེ་ཅིའི་ཕྱིར་ཞེ་ན། ཨ་ཧས་ཀྱིས་ཡ་ཧུ་དཱའི་ནང་དུ་བག་མེད་པའི་ལས་བྱས་ཏེ། ཡ་ཧོ་ཝཱའི་དྲུང་དུ་སྡིག་པ་ཚབས་ཆེ་བ་བྱས་པའི་རྐྱེན་གྱིས། ཡ་ཧོ་ཝཱས་ཨིས་ར་ཨེལ་གྱི་རྒྱལ་པོ་ཨ་ཧས་ལ་བརྟེན་ནས་ཡ་ཧུ་དཱ་དམའ་སར་ཕབ་པ་ཡིན། ༢༠ དེ་ནས་ཨ་སུར་གྱི་རྒྱལ་པོ་ཏིལ་གད་པིལ་ནེ་ཟེར་དེའི་རྩར་འོངས་ནས། དེ་འུ་ཐུག་ཏུ་བཅུག་གིས། ར་མདའ་མ་བྱས་པ་དང་། ༢༡ ཨ་ཧས་ཀྱིས་ཡ་ཧོ་ཝཱའི་ཕོ་བྲང་དང་རྒྱལ་ཁབ་དང་། སྐུ་དྲག་གི་གཟིམས་ཁང་རྣམས་ཀྱི་ནང་ནས་ནོར་ཁྱེར་ཏེ། ཨ་སུར་རྒྱལ་པོ་ལ་ཕུལ་ཀྱང་། དེས་ར་མདའ་མ་བྱས་སོ༎
༢༢ འུ་ཐུག་གི་དུས་དེ་ལ་རྒྱལ་པོ་ཨ་ཧས་ཀྱིས་ཡ་ཧོ་ཝཱའི་དྲུང་དུ་སྡིག་པ་ལྷག་པར་བྱས་ཏེ། ༢༣ དེ་རང་ཕམ་བཅུག་པའི་ད་མཱ་སེག་པའི་ལྷ་རྣམས་ལ་མཆོད་པ་ཕུལ་ནས་དེས། ཨ་རམ་རྒྱལ་པོའི་ལྷ་རྣམས་ཀྱིས་དེ་དག་ལ་སྐྱབས་བྱས་པ་ཡིན་པས། ལྷ་དེ་རྣམས་ཀྱིས་ང་ལ་ཡང་སྐྱབས་བྱེད་དུ། ངས་མཆོད་པ་འབུལ་བར་བྱའོ་སྨྲས་ཀྱང་། དེ་ནི་ཁོ་རང་དང་། ཨིས་ར་ཨེལ་ཚང་མ་འཕུང་བའི་རྒྱུ་རུ་གྱུར་ཏོ། ༢༤ ཡང་ཨ་ཧས་ཀྱིས་ཡ་ཧོ་ཝཱའི་ཕོ་བྲང་གི་ཡོ་བྱད་རྣམས་བསྡུས་ནས། དཀོན་མཆོག་གི་ཕོ་བྲང་གི་ཡོ་བྱད་ཚང་མ་དུམ་བུར་བཅག ཡ་ཧོ་ཝཱའི་ཕོ་བྲང་གི་སྒོ་རྣམས་བསྡམས་ནས། ཡེ་རུ་ཤ་ལེམ་གྱི་གྲུ་རེ་རེའི་ནང་དུ་དེ་རང་གི་ཕྱིར་དུ་མཆོད་ཁྲི་རྣམས་བརྩིགས་སོ། ༢༥ ཡ་ཧུ་དཱའི་གྲོང་ཁྱེར་རེ་རེའི་ནང་དུ་ལྷ་གཞན་པ་རྣམས་ལ་བསངས་གཏོང་བའི་མཐོ་གླིང་རྣམས་བཅོས་ནས། ཡ་ཧོ་ཝཱ་རང་གི་ཕ་མེས་ཀྱི་དཀོན་མཆོག་གི་ཐུགས་ཁྲོ་དཀྲུགས་སོ། ༢༦ ད་དེའི་གཞན་བྱ་བ་རྣམས་དང་། སྤྱོད་པ་སྔ་ཕྱི་རྣམས་ནི། ཡ་ཧུ་དཱ་དང་ཨིས་ར་ཨེལ་གྱི་རྒྱལ་པོ་རྣམས་ཀྱི་གླེགས་བམ་ན་བྲིས་ཏེ་ཡོད་པས། དེར་ལྟོས། ༢༧ དེ་ནས་ཨ་ཧས་རང་གི་ཕ་མེས་ཀྱི་ཁྲོད་དུ་གཉིད་དུ་སོང་ནས། ཡེ་རུ་ཤ་ལེམ་རྒྱལ་ས་རུ་བསྐུངས་ཀྱིས། ཨིས་ར་ཨེལ་གྱི་རྒྱལ་པོ་རྣམས་ཀྱི་དུར་ཁྲོད་དུ་མ་བཞག་གོ། དེ་ནས་དེའི་སྲས་ཧིས་ཀི་ཡཱ་དེའི་མལ་དུ་རྒྱལ་པོར་གྱུར་ཏོ༎