༢༧
ཡོ་ཐམ་རྒྱལ་པོར་འགྱུར་དུས་སུ། ལོ་ཉེར་ལྔ་ལོན་ཡོད་དེ། ལོ་བཅུ་དྲུག་གི་བར་དུ་ཡེ་རུ་ཤ་ལེམ་དུ་རྒྱལ་སྲིད་བསྐྱངས་སོ། ཙ་དོག་གི་སྲས་མོ་ཡེ་རུ་ཤཱ་བྱ་བ་ནི་དེའི་ཡུམ་མོ།  དེའི་ཡབ་ཨུ་ཟི་ཡཱས་ཅི་མཛད་པ་བཞིན་དུ། ཡ་ཧོ་ཝཱའི་གཟིགས་ངོར་རིགས་པ་ཡིན་པ་དེ་བྱས་ཏེ། ཡ་ཧོ་ཝཱའི་མཆོད་ཁང་གི་ནང་དུ་མ་འཛུལཏོ། མི་རྣམས་ཀྱིས་ད་དུང་ཡང་མི་རིགས་པའི་ལས་བྱས་སོ།  དེས་ཡ་ཧོ་ཝཱའི་ཕོ་བྲང་གི་རྒྱ་སྒོ་ལྟག་པ་དེ་བརྩིགས་ཏེ། ཨོ་ཕེལ་གྱི་ལྕགས་རིའི་ཁར་མཁར་ལས་མང་པོ་བཏང་།  ཡ་ཧུ་དཱའི་རི་ཁྲོད་དུ་གྲོང་ཁྱེར་རྣམས་བཙུགས་ཏེ། ནགས་གསེབ་ཏུ་མཁར་དང་རྫོང་རྣམས་བཞེངས་སོ།  ཡང་དེས་ཨམ་མོན་པའི་རྒྱལ་པོ་ལ་དམག་འཐབ་ནས་རྒྱལ་བས། ཨམ་མོན་པས་དེ་ལ་ལོ་དེ་རང་ལ་དངུལ་གྱི་རྡོ་ཚད་བརྒྱ་དང་། གྲོ་ཁལ་ཆིག་ཁྲི་དང་། ནས་ཁལ་ཆིག་ཁྲི་ཕུལ་བྱུང་། ལོ་གཉིས་པ་དང་གསུམ་པ་ལ་ཡང་དེ་དང་འདྲ་བ་ཕུལ་ཏོ།  ཡོ་ཐམ་གྱིས་ཡ་ཧོ་ཝཱ་རང་གི་དཀོན་མཆོག་གི་ཞལ་ངོར་རང་གི་འགྲུལ་ཚུལ་རྣམས་བཟང་པོར་བསྒྲིགས་པས། དེའི་དབང་ཇེ་ཆེར་འཕེལ་ལོ།  ད་ཡོ་ཐམ་གྱི་གཞན་བྱ་བ་རྣམས་དང་། དེའི་དམག་ཚང་མ་དང་། འགྲུལ་ལུགས་རྣམས་ནི། ཨིས་ར་ཨེལ་དང་ཡ་ཧུ་དཱའི་རྒྱལ་པོ་རྣམས་ཀྱི་གླེགས་བམ་གྱི་ནང་དུ་བྲིས་ཏེ་ཡོད། དེར་ལྟོས།  དེས་རྒྱལ་པོ་མཛད་དུས་སུ། ལོ་ཉེར་ལྔ་ལོན་ཡོད་དེ། ཡེ་རུ་ཤ་ལེམ་དུ་ལོ་བཅུ་དྲུག་རྒྱལ་སྲིད་བསྐྱངས་ནས།  ཡོ་ཐམ་རང་གི་ཕ་མེས་དང་མཉམ་དུ་གཉིད་དུ་སོང་བ་དང་། དཱ་བིད་ཀྱི་གྲོང་ཁྱེར་དུ་བསྐུངས་ནས། དེའི་སྲས་ཨ་ཧས་ཀྱིས་དེའི་ཚབ་ཏུ་རྒྱལ་པོ་མཛད་དོ༎