༢༦
དེ་ནས་ཡ་ཧུ་དཱའི་མི་སྡེ་ཚང་མས། ལོ་བཅུ་དྲུག་ལོན་པའི་ཨུ་ཟི་ཡཱ་བླངས་ཏེ། དེའི་ཕ་ཨ་མ་ཙི་ཡཱའི་ཚབ་ཏུ་རྒྱལ་པོར་བཅུག་གོ།  དེས་ཨེ་ལོད་བཙུགས། རྒྱལ་པོ་རང་གི་ཕ་མེས་དང་མཉམ་དུ་གཉིད་ལ་སོང་བའི་འོག་ཏུ། ཡུལ་དེ་ཡ་ཧུ་དཱ་ལ་ཕྱིར་ལོག་ཐོབ།  ཨུ་ཟི་ཡཱས་རྒྱལ་པོ་མཛད་དུས་ལོ་བཅུ་དྲུག་ལོན་ཡོད་དེ། ཡེ་རུ་ཤ་ལེམ་ན་ལོ་ལྔ་བཅུ་ང་གཉིས་རྒྱལ་སྲིད་མཛད་དོ། དེའི་ཡུམ་ཡེ་རུ་ཤ་ལེམ་མ་ཡེ་ཁོལ་ཡཱ་བྱ་བའོ།  དེས་རང་གི་ཕ་ཨ་མ་ཙི་ཡཱས་སྤྱད་པ་ཁོ་ན་བཞིན་དུ། ཡ་ཧོ་ཝཱའི་སྤྱན་ལམ་དུ་རིགས་པ་དེ་བྱས་ཏེ།  དཀོན་མཆོག་གི་རྟོགས་པ་དང་ལྡན་པའི་ཟ་ཀར་ཡཱ་གསོན་རིང་དུ། དེས་དཀོན་མཆོག་ལ་རིམ་གྲོ་བྱས་སོ། དེས་ཡ་ཧོ་ཝཱ་ལ་བསྙེན་བཀུར་བྱེད་རིང་བར་དུ། དཀོན་མཆོག་གིས་དེའི་བསམ་དོན་འགྲུབ་ཏུ་བཅུག་གོ།
 དེ་ནས་ཁོ་ཐོན་ནས། ཕེ་ལེ་ཤེད་པ་ལ་འཐབ་ནས། གད་ཀྱི་ལྕགས་རི་དང་། ཡབ་ནེ་ཡི་ལྕགས་རི་དང་། ཨས་དོད་ཀྱི་ལྕགས་རི་དང་བཅས་བཤིག་སྟེ། ཨས་དོད་ཀྱི་འཁོར་དུ་ཕེ་ལེ་ཤེད་པའི་ཁྲོད་དུ་གྲོང་ཁྱེར་རྣམས་གསར་ནས་བཙུགས།  ཕེ་ལེ་ཤེད་པ་དང་། གུར་བ་ཨཱལ་དུ་གནས་པའི་ཨ་རཱབ་པ་དང་། མེ་ཨུན་པའི་དམག་འཐབ་ཀྱི་ནང་དུ། དཀོན་མཆོག་གིས་དེ་ལ་སྐྱབས་མཛད་པས།  ཨམ་མོན་པས་ཨུ་ཟི་ཡཱ་ལ་དཔྱ་ཁྲལ་ཕུལ་བ་དང་། དེའི་སྟོབས་ཤུགས་རབ་ཏུ་ཆེན་པོ་སོང་བས། མི་སེར་གྱི་བར་དུ་ཡང་དེའི་མིང་དར་བྱུང་།  ཡང་ཨུ་ཟི་ཡཱས་ཡེ་རུ་ཤ་ལེམ་ན་གྲུའི་རྟ་སྒོ་དང་། ལུང་པའི་རྟ་སྒོ་དང་། ལྕགས་རིའི་གྲུ་ཀྱོག་ལ་སྤེའུ་རེ་བརྩིགས་ནས་བརྟན་པོ་མཛད། ༡༠ འབྲོག་སྟོང་གི་ནང་དུའང་རྫོང་བརྩིགས། ཁྲོན་པ་མང་ཙམ་བྲུས་སོ། གང་ལ་ཞེ་ན། དེ་ལ་མདོ་དང་ཐང་ལ་ཕྱུགས་མང་པོ་ཡོད་པས་སོ། དེ་ནི་སོ་ནམ་ལ་འཐད་པས། ཕུ་སོ་སོ་དང་རི་ཀར་མེལ་དུ་དེའི་ཞིང་པ་དང་རྒུན་ཚལ་མཁན་མང་པོ་ཡོད་པ་ཡིན། ༡༡ ཡང་ཨུ་ཟི་ཡཱ་ལ་དྲུང་ཡིག་ཡེ་ཧི་ཨེལ་བྱ་བ་དང་། ཁྲིམས་དཔོན་མ་ཨ་སེ་ཡཱ་གཉིས་ཀྱི་མི་གྲངས་ཀྱི་ཐོ་བཞིན་དུ་ཚོ་ཚོ་ཆད་དེ། འཐབ་མོར་འཐོན་པའི་དམག་ཚོགས་ཤིག་ཀྱང་ཡོད་པ་ཡིན། ཡང་དེ་རྣམས་རྒྱལ་པོའི་དམག་དཔོན་གྱི་ནང་ནས་ཧ་ནན་ཡཱ་བྱ་བའི་འོག་ཏུ་ཡོད་པ་ཡིན། ༡༢ དམག་རྩལ་ཅན་གྱི་ཕ་སྤད་ཀྱི་འགོ་བྱེད་རྣམས་ཀྱི་གྲངས་ནི། ཉི་སྟོང་དྲུག་བརྒྱ་ཡོད་པ་ཡིན། ༡༣ དེ་དག་གི་འོག་ཏུ་དགྲར་རྒོལ་ཞིང་རྒྱལ་པོ་ལ་སྟོངས་གྲོགས་བྱེད་པའི་དམག་དཔུང་དཔའ་རྩལ་ཅན་སུམ་འབུམ་བདུན་སྟོང་ལྔ་བརྒྱ་ཡོད་པ་ཡིན། ༡༤ ཡང་ཨུ་ཟི་ཡཱས་དམག་ཚོགས་དེ་ཀུན་གྱི་ཕྱིར་ཕུབ་དང་། མདུང་དང་། ཁྲབ་རྨོག་དང་། གཞུ་དང་། འུར་རྡོའི་གྲལ་བྱས་སོ། ༡༥ ཡང་མི་རིག་རྩལ་ཅན་རྣམས་ཀྱི་གྲོས་བཞིན་དུ། དེས་ཡེ་རུ་ཤ་ལེམ་གྱི་རྫོང་དང་ལྕགས་རི་ལས་མདའ་དང་རྡོ་བ་ཆེན་པོ་རྒྱབ་པའི་ཕྱིར། སྒྱོགས་ཀྱི་ཁྲུལ་འཁོར་བཟོ་རུ་བཅུག་པས། དེ་ཧ་ཅང་སྟོབས་ཅན་འགྱུར་བའི་བར་དུ། ངོ་མཚར་གྱི་ལུགས་སུ་རོགས་རམ་བརྙེད་པ་དང་། དེའི་མཚན་གྲགས་རྒྱང་རིང་པོར་དར་རོ༎
༡༦ འོན་ཀྱང་དེ་སྟོབས་ཅན་སོང་དུས་སུ། དེའི་སྙིང་ང་རྒྱལ་གྱིས་བསྙེམས་པའི་དབང་གིས་འཕུང་བྱུང་། ཡ་ཧོ་ཝཱ་རང་གི་དཀོན་མཆོག་གི་བཀའ་ལས་འདས་ཏེ་ཡ་ཧོ་ཝཱའི་མཆོད་ཁང་གི་ནང་དུ་བདུག་སྤོས་ཀྱི་མཆོད་ཁྲིའི་ཁར་སྤོས་བདུག་པར་སོང་བ་དང་། ༡༧ བླ་མ་ཨ་ཟར་ཡཱ་དེའི་རྒྱབ་རྒྱབ་ནས་ནང་དུ་སོང་སྟེ། དེ་དང་མཉམ་དུ་ཡ་ཧོ་ཝཱའི་བླ་མ་སྙིང་ཅན་བརྒྱད་ཅུ་ཡོད་པ་ཡིན། ༡༨ དེར་དེ་དག་གིས་རྒྱལ་པོ་ཨུ་ཟི་ཡཱ་ལ་རྒོལ་ཞིང་དེ་ལ། ཀྱེ་ཨུ་ཟི་ཡཱ། ཡ་ཧོ་ཝཱ་ལ་སྤོས་བདུག་པ་ནི་ཁྱེད་ཀྱི་ལས་མིན་ཏེ། སྤོས་བདུག་པའི་དོན་དུ་གཙང་བར་བྱས་པའི་བླ་མའམ། ཨ་རོན་གྱི་བུ་རྣམས་བཞག་སྟེ་ཡོད་པ་ཡིན། ཁྱོད་ཀྱིས་སྡིག་པ་བྱས་པས། གཙང་ཁང་ལས་ཐོན་སོང་ཞིག བྱ་བ་འདིའི་ཕྱིར་ཁྱོད་ལ་ཡ་ཧོ་ཝཱ་དཀོན་མཆོག་གི་ཕྱོགས་ལས་བཀུར་སྟི་མི་བརྙེད་དོ། ཞེས་སྨྲས་པ་ལས། ༡༩ ཨུ་ཟི་ཡཱ་ཁྲོས་པར་གྱུར་ཏེ། སྤོས་བདུག་པའི་ཕྱིར་སྤོས་ཕོར་དེའི་ལག་ལ་ཡོད་པ་ཡིན། དེ་བླ་མ་རྣམས་ལ་ཁྲོས་པར་ཙམ་གྱིས། ཡ་ཧོ་ཝཱའི་ཕོ་བྲང་ན་སྤོས་བདུག་པའི་མཆོད་ཁྲིའི་འགྲམ་དུ་བླ་མ་དག་གི་མདུན་དུ། དེའི་དཔྲལ་བར་མཛེ་ཐོན་ནོ། ༢༠ དེར་བླ་མ་ཆེན་པོ་ཨ་ཟར་ཡཱ་དང་། གཞན་བླ་མ་ཀུན་གྱིས་དེ་ལ་བལྟས་པ་དང་། དེའི་དཔྲལ་བར་མཛེ་ཐོན་པར་མཐོང་ནས། དེ་མྱུར་དུ་བཏོན་པ་ཡིན། ཁོ་རང་མྱུར་དུ་འཐོན་སོང་། དེ་ཅིའི་ཕྱིར་ཞེ་ན། ཡ་ཧོ་ཝཱས་དེ་ལ་བརྡུངས་པ་ཡིན། ༢༡ དེ་ལྟར་རྒྱལ་པོ་ཨུ་ཟི་ཡཱ་མ་འཆི་བའི་བར་དུ་མཛེ་ཅན་དུ་ལུས། མཛེ་ནད་པ་ཡིན་པས། ཁང་ཡན་ཞིག་ལ་བསྡད་དོ། གང་ལ་ཞེ་ན། དེ་ནི་ཡ་ཧོ་ཝཱའི་ཕོ་བྲང་གི་ནང་ནས་བཏོན་བཏང་བས་སོ། དེ་ནས་དེའི་སྲས་ཡོ་ཐམ་ལ་རྒྱལ་ཁབ་ཀྱི་ཁག་ཡོད་དེ། དེས་གཤགས་བཅད་དོ༎
༢༢ ཨུ་ཟི་ཡཱའི་གཞན་བྱ་བ་སྔ་ཕྱི་རྣམས་ཨ་མོས་ཀྱི་བུ་ལུང་སྟོན་པ་ཡེ་ཤ་ཡཱས་བྲིས་སོ། ༢༣ དེ་ནས་ཨུ་ཟི་ཡཱ་རང་གི་ཕ་མེས་ཀྱི་ཁྲོད་དུ་གཉིད་དུ་སོང་སྟེ། མི་རྣམས་ཀྱིས་དེ་ལ་མཛེ་ཅན་ནོ་ཟེར་ཞིང་། དེའི་ཕ་མེས་དང་མཉམ་དུ་རྒྱལ་པོ་ལ་གཏོགས་པའི་ཐང་གི་དུར་ཁྲོད་དུ་བསྐུངས་པ་དང་། དེའི་སྲས་ཡོ་ཐམ་གྱིས་དེའི་མལ་དུ་རྒྱལ་པོ་མཛད་དོ༎