༢༥
ཨ་མ་ཙི་ཡཱ་རྒྱལ་པོར་གྱུར་དུས་སུ་ལོ་ཉེར་ལྔ་ལོན་ཏེ་ཡོད་དེ། ཡེ་རུ་ཤ་ལེམ་དུ་ལོ་ཉེར་དགུ་རྒྱལ་པོ་མཛད། ཡེ་རུ་ཤ་ལེམ་མ་ཡོ་ཨ་དན་བྱ་བ་ནི་དེའི་ཡུམ་མོ། ༢ དེས་ཡ་ཧོ་ཝཱའི་སྤྱན་སྔར་རིགས་པ་བཞིན་སྤྱད་ཀྱང་། སྙིང་ཧྲིལ་ནས་དེ་བཞིན་དུ་མ་བྱས་སོ། ༣ དེ་ལ་རྒྱལ་སྲིད་ཆ་བཞག་སོང་བ་ཙམ་གྱིས། ཡབ་རྒྱལ་པོ་བསད་པའི་རང་གི་འཁོར་གཡོག་རྣམས་སྲོག་དང་ཕྲལ་གྱིས། ༤ ཕྲུ་གུའི་དོན་དུ་ཕ་ཡང་མ་གསོད་ཅིག ཕའི་དོན་དུ་ཕྲུ་གུའང་མ་གསོད་ཅིག འོན་ཀྱང་མི་དེ་རང་གི་ཉེས་པའི་དོན་དུ་གང་རུང་གསོད་ཅིག ཅེས་མོ་ཤེའི་བཀའ་ཁྲིམས་ཀྱི་མདོ་རུ་བྲིས་ཏེ་ཡོད་པའི་ཡ་ཧོ་ཝཱའི་བཀའ་ལྟར་བྱས་ཏེ། དེ་དག་གི་ཕྲུ་གུ་རྣམས་མ་བསད་དོ༎༥ དེ་ནས་ཨ་མ་ཙི་ཡཱས་ཡ་ཧུ་དཱ་བསྡུས་ཏེ། ཡ་ཧུ་དཱ་དང་བེན་ཡ་མིན་གཉིས་ཀྱི་ཡུལ་ཀུན་ཏུ་ཕ་སྤད་སོ་སོ་བཞིན་དུ་སྟོང་དཔོན་དང་བརྒྱ་དཔོན་བསྐོས་ནས། ལོ་ཉི་ཤུ་གྱེན་ཆོད་རྣམས་གྲངས་པ་དང་། མདུན་དང་ཕུབ་ཐོགས་ཏེ་དམག་ལ་འགྲོ་ཐུབ་པའི་སྐྱེས་པ་སུམ་འབུམ་ཐོན། ༦ དེའི་སྟེང་དུ་དེས་དངུལ་གྱི་རྡོ་ཚད་བརྒྱ་སྤྲད་དེ། ཨིས་ར་ཨེལ་གྱི་ནང་ནས་ཀྱང་དམག་རྩལ་ལྡན་པ་ཆིག་འབུམ་གཡོག་པོར་ཕྱེས་སོ། ༧ དེར་དཀོན་མཆོག་གི་སྐྱེས་བུ་ཞིག་དེའི་མདུན་དུ་འོངས་ནས། ཀྱེ་རྒྱལ་པོ། ཨིས་ར་ཨེལ་གྱི་དམག་དཔུང་ཁྱོད་དང་མཉམ་དུ་མ་ཁྲིད། ཅིའི་ཕྱིར་ཞེ་ན། ཡ་ཧོ་ཝཱ་ནི་ཨིས་ར་ཨེལ་ལམ། ཨེབ་ར་ཨིམ་གྱི་བུ་རྣམས་དང་མཉམ་དུ་མི་བཞུགས། ༨ འོན་ཇི་སྟེ་ཁྱོད་འགྲོ་འདོད་ན། སོང་ལ། འཐབ་མོའི་ཕྱིར་རེམ་པ་གྱིས་ཤིག ཡ་ཧོ་ཝཱས་ཁྱོད་ཕ་རོལ་པའི་མདུན་དུ་བརྡབ་པར་འགྱུར། གང་ལ་ཞེ་ན། དཀོན་མཆོག་ལ་སྐྱབས་མཛད་པའི་དབང་ཡང་ཡོད། ས་ལ་བརྡབ་པའི་དབང་ཡང་ཡོད་དོ། བསྒོ་བ་དང་། ༩ ཨ་མ་ཙི་ཡཱས་དཀོན་མཆོག་གི་སྐྱེས་བུ་དེ་ལ། དེ་ནས་ངས་ཨིས་ར་ཨེལ་གྱི་དམག་དཔུང་དེ་ལ་བྱིན་པའི་རྡོ་ཚད་བརྒྱའི་ཕྱིར་ངེད་ཅག་གིས་ཅི་བྱ། ཞེས་པའི་ལན་དུ་དཀོན་མཆོག་གི་སྐྱེས་བུས་དེ་ལ། ཡ་ཧོ་ཝཱ་ལ་འདི་ལས་ལྷག་པར་མང་པོ་ཁྱོད་ལ་གནང་བའི་ནུས་པ་ཡོད་དོ། ཞེས་གདམས་པ་ལས། ༡༠ ཨེབ་ར་ཨིམ་གྱི་ནང་ནས་འོངས་པའི་དམག་དཔུང་ནི་དེ་དག་རང་རང་གི་ཡུལ་དུ་ལོག་འགྲོ་བའི་ཕྱིར་དུ་ཨ་མ་ཙི་ཡཱས་ཕྱེས་པས། དེ་རྣམས་ནི་ཡ་ཧུ་དཱ་ལ་རབ་ཏུ་ཁྲོས་པར་གྱུར་ནས། ཁོང་ཁྲོ་ཆེན་པོ་ལངས་ནས་རང་ཡུལ་དུ་ལོག་སོང་། ༡༡ དེ་ནས་ཨ་མ་ཙི་ཡཱས་སྤོབས་པ་སྐྱེད་དེ། རང་གི་མི་སྡེ་ཁྲིད་དེ་ཚྭའི་ལུང་པ་རུ་ཕྱིན་ནས། སེ་ཨིར་པ་ཆིག་ཁྲི་བསད་དེ། ༡༢ ཡ་ཧུ་དཱ་པས་གསོན་པོ་ཆིག་ཁྲི་གཉའ་ཡལ་དུ་བཟུང་ནས། བྲག་གི་རྩེ་མོར་ཁྲིད་ཁྱེར་ཏེ། བྲག་རྩེ་ལས་གཡང་ལ་བཏང་བས། ཐམས་ཅད་དུམ་བུ་དུམ་བུར་གྱུར་ཏོ། ༡༣ དེའི་བར་ཨ་མ་ཙི་ཡཱས་རང་དང་མཉམ་དུ་དམག་ལ་མི་འགྲོ་བའི་ཕྱིར་བཟློག་པའི་དམག་མི་དེ་རྣམས། ས་མར་ཡཱ་ནས་བེད་ཧོ་རོན་གྱི་བར་དུ་ཡ་ཧུ་དཱའི་གྲོང་ཁྱེར་ཀུན་ལ་ཞུགས་ཏེ། དེ་དག་གི་མི་སུམ་སྟོང་བསད་ནས། བཅོམ་ནོར་དཔག་མེད་ཁྱེར་ཏོ༎
༡༤ དེ་ནས་ཨ་མ་ཙི་ཡཱས་ཨེ་དོམ་པ་རྣམས་བསད་དེ། ཕྱིར་ལོག་འོང་དུས་སུ། དེས་སེ་ཨིར་པའི་སྐུ་འདྲ་རྣམས་འཁྱེར་འོངས་ནས། དེ་རྣམས་རང་གི་ལྷ་རུ་བྱས་ཤིང་བསླངས་ཏེ། དེའི་མདུན་དུ་ཕྱག་བཙལ་ཏེ། བསངས་བཏང་བས། ༡༥ ཨ་མ་ཙི་ཡཱའི་ཐོག་ཏུ་ཡ་ཧོ་ཝཱའི་ཐུགས་ཁྲོ་མེ་ལྟར་འབར་བྱུང་ནས། ཁོང་གིས་དེའི་མདུན་དུ་ལུང་སྟོན་པ་ཞིག་བཏང་ནས་དེ་ལ། རང་གི་མི་སྡེ་ཁྱོད་ཀྱི་ལག་ནས་སྐྱོབ་མ་ནུས་པའི་ལྷ་རྣམས་ཀྱི་ཕྱིར་བཞིན་དུ་ཁྱོད་ཅི་ལ་འབྲང་བ་ཡིན། ༡༦ ཞེས་གླེང་འཕྲོ་མ་རྫོགས་པར། རྒྱལ་པོས་དེ་ལ། ཁྱོད་རྒྱལ་པོའི་གྲོས་མིར་བསྐོས་པ་མ་ཡིན་ནམ། ཁ་རོག་སྡོད་ཅིག ཅིའི་ཕྱིར་རང་སྲོག་བརླག་པར་བྱེད། སྨྲས་པས། ལུང་སྟོན་པ་དེས་འཐེན་བྱས་ནས་དེ་ལ། ཁྱོད་ཀྱིས་དེ་འདྲ་བྱས་ཏེ། ངའི་ཞལ་ཏ་ལ་མ་ཉན་པས་ན། དཀོན་མཆོག་གིས་ཁྱོད་གསོད་པའི་ཐུགས་ཐག་བཅད་པ་ངས་ཤེས་སོ། ཞེས་གསུངས་སོ༎
༡༧ དེ་ནས་ཡ་ཧུ་དཱའི་རྒྱལ་པོ་ཨ་མ་ཙི་ཡཱས་གྲོས་བྱས་ཏེ། ཡེ་ཧུའི་ཚ་བོའམ། ཡོ་ཨ་ཧས་ཀྱི་སྲས་ཨིས་ར་ཨེལ་གྱི་རྒྱལ་པོ་ཡོ་ཨས་ཀྱི་རྩར་བང་ཆེན་བཏང་སྟེ་དེ་ལ། ཚུར་ཤོག ངེད་གཉིས་དངོས་སུ་ཐུག་པར་དགོས། སྨྲས་པས། ༡༨ ཨིས་ར་ཨེལ་གྱི་རྒྱལ་པོ་ཡོ་ཨས་ཀྱིས་ཡ་ཧུ་དཱའི་རྒྱལ་པོ་ཨ་མ་ཙི་ཡཱ་ལ་ལོན་བཏང་ཞིང་དེ་ལ། ལི་བ་ནོན་གྱི་ལྗང་ཚེར་གྱིས་ལི་བ་ནོན་གྱི་འགྱམ་ཤིང་ལ། ཁྱོད་ཀྱི་བུ་མོ་དེ་ངའི་བུའི་མནའ་མར་སྟེར་མཛོད་བྱས་ནས་ལོན་བཏངས་ཀྱང་། ལི་བ་ནོན་ན་ཡོད་པའི་གཅན་གཟན་ཞིག་རྒྱུ་བ་ལས་ལྗང་ཚེར་དེ་བརྫིས་སོ། ༡༩ ད་ཁྱོད་ཀྱིས། ལྟོས། ངས་ཨེ་དོམ་པ་རྣམས་བསད་པ་ཡིན། སྨྲ་ཞིང་། ཁྱོད་ཀྱི་སྙིང་ང་རྒྱལ་གྱིས་བསྙེམས་ཏེ། རང་མཐོང་སྐྱེད། ད་དུང་ཁྱིམ་དུ་འདུག ཁྱོད་རང་འཕུང་བའི་ལས་ཀྱི་ནང་ན་ཅི་ལ་འདྲེ་བར་བྱེད། ཁྱོད་འགྱེལ་ན། ཁྱོད་དང་མཉམ་དུ་ཡ་ཧུ་དཱ་ཡང་འགྱེལ་བར་འགྱུར་རོ། ཞེས་སྤྲིང་ན་ཡང་།
༢༠ ཨ་མ་ཙི་ཡཱས་དེ་ལ་མ་ཉན་ཏོ། གང་ལ་ཞེ་ན། དེ་ཚོས་ཨེ་དོམ་པའི་ལྷ་སོ་སོ་ལ་རིམ་གྲོ་བྱས་པའི་ཕྱིར་དུ། དེ་ཚོ་ཕ་རོལ་པའི་ལག་པའི་ནང་དུ་བཏད་པའི་བྱ་བ་དེ་དཀོན་མཆོག་ལས་བྱུང་བ་ཡིན། ༢༡ དེ་ནས་ཨིས་ར་ཨེལ་གྱི་རྒྱལ་པོ་ཡོ་ཨས་ཀྱིས་དམག་བཏེགས་ནས། དེ་དང་ཡ་ཧུ་དཱའི་རྒྱལ་པོ་ཨ་མ་ཙི་ཡཱ་གཉིས་པོ་ཡ་ཧུ་དཱའི་བེད་ཤེ་མེས་བྱ་བར་གདོང་བཏད་དུ་བསྡད་པ་དང་། ༢༢ ཨིས་ར་ཨེལ་གྱི་མདུན་དུ་ཡ་ཧུ་དཱ་ཕམ་ནས། ཚང་མ་རེ་རང་གི་གུར་དུ་བྲོས་སོང་བས། ༢༣ ཡོ་ཨ་ཧས་ཀྱི་སྲས་ཡོ་ཨས་བྱ་བའི་ཨིས་ར་ཨེལ་གྱི་རྒྱལ་པོས། ཡོ་ཨས་ཀྱི་སྲས་ཨ་མ་ཙི་ཡཱ་བྱ་བའི་ཡ་ཧུ་དཱའི་རྒྱལ་པོ་དེ་བེད་ཤེ་མེས་ཀྱི་ནང་དུ་བཟུང་སྟེ། ཡེ་རུ་ཤ་ལེམ་ལ་ཁྱེར་ནས། ཨེབ་ར་ཨིམ་གྱི་རྟ་སྒོ་བྱ་བ་ནས་གྲུའི་རྒྱ་སྒོའི་བར་དུ། ཡེ་རུ་ཤ་ལེམ་གྱི་ལྕགས་རི་ཁྲུ་བཞི་བརྒྱ་བཤིག་ནས། ༢༤ གསེར་དངུལ་ཚང་མ་དང་། དཀོན་མཆོག་གི་ཕོ་བྲང་དང་། ཨོ་བེད་ཨེ་དོམ་གྱི་ཁྱིམ་གྱི་སྣོད་བརྙེད་ཚད་དང་། རྒྱལ་ཁབ་ཀྱི་གཏེར་རྣམས་ཀྱང་ཁྱེར། མི་མང་པོ་ལག་མིར་བཟུང་ནས། ས་མར་ཡཱ་རུ་ལོག་སོང་།
༢༥ ཨིས་ར་ཨེལ་གྱི་རྒྱལ་པོ་ཡོ་ཨ་ཧས་ཀྱི་སྲས་ཡོ་ཨས་གྲོངས་པའི་རྗེས་སུ། ཡ་ཧུ་དཱའི་རྒྱལ་པོ་ཡོ་ཨས་ཀྱི་སྲས་ཨ་མ་ཙི་ཡཱ་ལོ་བཅོ་ལྔ་ཚེ་འཚོ་བྱུང་། ༢༦ ཨ་མ་ཙི་ཡཱའི་གཞན་བྱ་བ་སྔ་ཕྱི་རྣམས་ཡ་ཧུ་དཱ་དང་ཨིས་ར་ཨེལ་གྱི་རྒྱལ་པོ་དག་གི་རྒྱལ་རབས་ཀྱི་གླེངས་བམ་ན་བྲིས་པ་མེད་དམ། ༢༧ ཡང་ཨ་མ་ཙི་ཡཱ་ཡ་ཧོ་ཝཱའི་ཕྱི་བཞིན་འབྲང་བ་ལས་ལོག་པའི་འོག་ཏུ། ཡེ་རུ་ཤ་ལེམ་དུ་མི་རྣམས་ཀྱིས་ངོ་ལོག་བྱས་པས། ཁོ་ལཱ་ཁིས་སུ་བྲོས་ཀྱང་། དེའི་རྒྱབ་ནས་ལཱ་ཁིས་ལ་མི་བཏང་ནས། ཁོ་དེ་རུ་བསད་དེ། ༢༨ རྟ་རྣམས་ལ་བཀལ་ཏེ་ཁྱེར་ཏེ། ཡ་ཧུ་དཱའི་རྒྱལ་ས་རུ་དེའི་ཕ་མེས་ཀྱི་ཁྲོད་དུ་བསྐུངས་སོ༎