༢༤
ཡོ་ཨས་རྒྱལ་པོར་གྱུར་བའི་དུས་སུ་ལོ་བདུན་ལོན་ཡོད་དེ། ཡེ་རུ་ཤ་ལེམ་དུ་ལོ་བཞི་བཅུ་རྒྱལ་སྲིད་བསྐྱངས་སོ། བེ་ཨེར་ཤེ་བཱ་མ། ཙིབ་ཡཱ་བྱ་བ་ནི་དེའི་ཡུམ་མོ།  བླ་མ་ཡེ་ཧོ་ཡ་དཱའི་ཚེ་ཐོག་ཐག་ཏུ། ཡོ་ཨས་ཀྱིས་ཡ་ཧོ་ཝཱའི་སྤྱན་ལམ་དུ་གང་རིགས་པ་བཞིན་དུ་སྤྱད་པ་ཡིན།  ཡེ་ཧོ་ཡ་དཱས་དེ་ལ་བཙུན་མོ་གཉིས་བསྟེར་པ་དང་། སྲས་དང་སྲས་མོ་རྣམས་སྐྱེས་སོ༎
 དེའི་འོག་ཏུ་ཡོ་ཨས་ལ་ཡ་ཧོ་ཝཱའི་ཕོ་བྲང་གི་བཞིག་སོས་བྱེད་པར་འདོད་ནས།  བླ་མ་དང་ལེ་ཝི་པ་རྣམས་བསྡུས་ཏེ་དེ་དག་ལ། ཡ་ཧུ་དཱའི་གྲོང་ཁྱེར་ཀུན་ཏུ་སོང་ལ། ཨིས་ར་ཨེལ་གྱི་དཀོན་མཆོག་གི་ཕོ་བྲང་གི་བཞིག་སོས་བྱེད་དུ་ལོ་ལྟར་དངུལ་སྡུས་ཤིག ལས་འདི་ཅི་མྱུར་སྒྲུབ་པར་བྱོས། བསྒོ་ན་ཡང་། ལེ་ཝི་པས་མྱུར་པོ་མ་བྱས་པ་དང་།  རྒྱལ་པོས་དབུ་ཆོས་ཡེ་ཧོ་ཡ་དཱ་བོས་ནས་དེ་ལ། ཡ་ཧོ་ཝཱའི་བྲན་པོ་མོ་ཤེས་བསྒོ་བ་ལྟར། དཔང་པོའི་གུར་མཆོག་གི་ཕྱིར། ཨིས་ར་ཨེལ་གྱི་ཁྲལ་ཡ་ཧུ་དཱ་དང་ཡེ་རུ་ཤ་ལེམ་ལ་བསྡུ་རུ་ཁྱོད་ཀྱིས་ལེ་ཝི་པ་རྣམས་ལ་ཅིའི་ཕྱིར་དུ་མ་དྲིས་པ་ཡིན།  དེ་ཅིའི་ཕྱིར་ཞེ་ན། སྡིག་སྤྱོད་ཀྱི་བུད་མེད་ཨ་ཐལ་ཡཱའི་བུ་རྣམས་ཀྱིས་ཡ་ཧོ་ཝཱའི་ཕོ་བྲང་བཅག་སྟེ། ཡ་ཧོ་ཝཱའི་ཕོ་བྲང་ལ་ཕུལ་མཁན་ཚང་མ་བ་ཨཱལ་རྣམས་ལ་ཕུལ་བ་ཡིན།
 དེའི་ཕྱིར་དེ་དག་གིས་རྒྱལ་པོའི་བཀའ་བཞིན་དུ་སྒྲོམ་ཞིག་བཟོས་ནས། ཡ་ཧོ་ཝཱའི་ཕོ་བྲང་གི་རྒྱ་སྒོར་ཕྱི་རོལ་དུ་བོར་ཏེ།  དཀོན་མཆོག་གི་བྲན་པོ་མོ་ཤེས་འབྲོག་སྟོང་ན་ཨིས་ར་ཨེལ་ལ་བཀལ་བའི་ཁྲལ་དེ་ཡ་ཧོ་ཝཱ་ལ་འབུལ་བའི་ཕྱིར། ཡ་ཧུ་དཱ་དང་ཡེ་རུ་ཤ་ལེམ་ལ་སྐད་བཏང་བ་དང་། ༡༠ སྐུ་དྲག་ཚང་མ་དང་མི་སྡེ་ཡོངས་དགའ་བར་གྱུར་ནས། སྒྲོམ་དེ་གང་བའི་བར་དུ་ཕུལ་ཏོ། ༡༡ ཡང་ནམ་སྒྲོམ་དེ་ལེ་ཝི་པའི་ལག་ནས་རྒྱལ་པོའི་ལས་སྣེ་པའི་རྩར་སླེབ་དུས་སུ། དེའི་ནང་ན་དངུལ་མང་པོ་ཡོད་པ་མཐོང་སྟེ། རྒྱལ་པོའི་དྲུང་ཡིག་དང་། བླ་མ་ཆེན་པོའི་ཞིབ་དཔྱོད་པ་འོངས་ནས། སྒྲོམ་དེ་སྤྲས་པ་དང་། ཡང་དེའི་མལ་དུ་ཁྱེར་ཏེ་བོར་བ་ཡིན། ཉིན་རེ་བཞིན་དུ་དེ་ལྟར་བྱས་ནས། དངུལ་ཤིན་ཏུ་མང་པོ་བསགས་སོ། ༡༢ རྒྱལ་པོ་དང་ཡེ་ཧོ་ཡ་དཱས་ཡ་ཧོ་ཝཱའི་ཕོ་བྲང་ལ་རིམ་གྲོ་བྱེད་མཁན་དག་ལ་བཏང་ནས། དེ་དག་གིས་ཡ་ཧོ་ཝཱའི་ཕོ་བྲང་གི་བཞིག་སོས་བྱེད་པའི་གླར་རྩིག་དཔོན་དང་ཤིང་མཁན་ལ་བཏང་བ་ཡིན། དེ་མ་ཟད་པར། ཡ་ཧོ་ཝཱའི་ཕོ་བྲང་གི་བཞིག་སོས་ཀྱི་ལས་བྱེད་པའི་ལྕགས་བཟོ་པ་དང་རག་བཟོ་པ་ལ་ཡང་བཏང་བ་ཡིན། ༡༣ དེ་ལྟར་ལག་ཤེས་པ་རྣམས་ཀྱིས་ལས་བྱས་ཏེ་སྒྲུབ་པ་གྱུར་ནས། དཀོན་མཆོག་གི་ཕོ་བྲང་དེ་ནི་སྔ་མ་ལྟར་བྱས་ནས་བརྟན་པོར་བྱས་སོ། ༡༤ ཡང་སྒྲུབ་ཟིན་པ་དང་། དངུལ་ཕྱི་ལུས་དེ་རྒྱལ་པོ་དང་ཡེ་ཧོ་ཡ་དཱ་ལ་སྤྲད་པ་དང་། དེ་ལས་ཡ་ཧོ་ཝཱའི་ཕོ་བྲང་གི་ཕྱིར་ཡོ་བྱད་རིམ་གྲོ་བྱེད་རྒྱུའི་མཆོད་ཆས་དང་། ཐུར་མ་སོགས་གསེར་དངུལ་གྱི་ཡོ་བྱད་རྣམས་བཟོས་ནས།
ཡེ་ཧོ་ཡ་དཱའི་རིང་དུ་དེ་དག་གིས་རྒྱུན་ཆད་མེད་པར་ཡ་ཧོ་ཝཱའི་ཕོ་བྲང་གི་ནང་སྦྱིན་སྲེག་གི་མཆོད་པ་ཕུལ་བ་ཡིན། ༡༥ འོན་ཀྱང་ཡེ་ཧོ་ཡ་དཱ་བགྲེས་ཤིང་ན་སོ་ལོན་ནས། ཚེའི་དུས་བྱས་ཏེ། དེ་འདས་པའི་དུས་སུ་ལོ་བརྒྱ་དང་སུམ་ཅུ་ལོན་ཡོད་པ་ཡིན། ༡༦ དེས་དཀོན་མཆོག་དང་ཁོང་གི་ཕོ་བྲང་གཉིས་ཀྱི་ཕྱིར། ཨིས་ར་ཨེལ་གྱི་ནང་ན་ལས་བཟང་པོ་བྱས་པའི་ཕྱིར་དུ། དེ་དག་གིས་ཁོང་དཱ་བིད་ཀྱི་གྲོང་ཁྱེར་དུ་རྒྱལ་པོ་རྣམས་ཀྱི་ཁྲོད་དུ་བསྐུངས་སོ༎
༡༧ ཡང་ཡེ་ཧོ་ཡ་དཱ་འདས་པའི་རྗེས་སུ། ཡ་ཧུ་དཱ་ཡི་སྐུ་དྲག་རྣམས་འོངས་ནས། རྒྱལ་པོ་ལ་ཕྱག་བཙལ་བས། རྒྱལ་པོས་དེ་དག་གི་གཏམ་ལ་ཉན་ཏེ། ༡༨ དེ་དག་གིས་ཡ་ཧོ་ཝཱ་རང་གི་ཕ་མེས་ཀྱི་དཀོན་མཆོག་གི་ཕོ་བྲང་དེ་བསྐྱུར་ནས། ཨ་ཤེ་རཱ་དང་སྐུ་འདྲ་རྣམས་ལ་རིམ་གྲོ་བྱས་པས། ཉེས་པ་དེའི་རྐྱེན་གྱིས་ཡ་ཧུ་དཱ་དང་ཡེ་རུ་ཤ་ལེམ་ལ་ཐུགས་ཁྲོ་ཕོག་བྱུང་། ༡༩ ད་དུང་ཡང་ཡ་ཧོ་ཝཱའི་ཕྱོགས་སུ་སེམས་འགྱུར་བའི་དོན་དུ། དེ་དག་གི་རྩར་ལུང་སྟོན་པ་རྣམས་བཏང་ནས། དེ་རྣམས་ཀྱིས་དེ་དག་ལ་དཔང་ཕུད་ཀྱང་། ཉན་པར་མ་དགའོ༎
༢༠ ཡང་བླ་མ་ཡེ་ཧོ་ཡ་དཱའི་བུ་ཟ་ཀར་ཡཱ་ལ་དཀོན་མཆོག་གི་ཐུགས་ཉིད་བབས་པ་དང་། མི་སྡེའི་གོང་དུ་ལངས་ནས། དེ་དག་ལ། དཀོན་མཆོག་གིས་འདི་སྐད་གསུང་། ཁྱོད་ཅག་ཡ་ཧོ་ཝཱའི་བཀའ་ལས་ཅི་ལ་འགལ་བར་བྱེད། ཁྱོད་ཚོས་ཡ་ཧོ་ཝཱ་བསྐྱུར་བས། ཁོང་གིས་ཀྱང་ཁྱོད་ཚོ་བསྐྱུར་ཟིན་པས། ཁྱོད་ཚོ་གོ་ཆོད་པར་མི་འགྱུར་རོ་གསུངས། ༢༡ དེར་དེ་དག་གིས་དེའི་ཕྱིར་བྱུས་ངན་བྱས་ཏེ། ཡ་ཧོ་ཝཱའི་ཕོ་བྲང་གི་སྡེ་ཡངས་ཀྱི་ནང་དུ་རྒྱལ་པོའི་བཀའ་བཞིན་དུ་རྡོ་རུབ་ལ་བཏང་ངོ་། ༢༢ དེ་ལྟར་རྒྱལ་པོ་ཡོ་ཨས་ཀྱིས་དེའི་ཕ་ཡེ་ཧོ་ཡ་དཱས་རང་ལ་བྱས་པའི་བཀའ་དྲིན་མ་དྲན་པར། དེའི་བུ་བསད་ནས། ཁོ་འཆི་དུས་སུ། ཡ་ཧོ་ཝཱས་གཟིགས་ཤིག ལན་ལེན་པར་མཛོད་ཅིག ཅེས་ཞུས་སོ༎
༢༣ དེ་ནས་ལོ་གཅིག་གི་རྗེས་སུ་ཨ་རམ་གྱི་དམག་ཚོགས་ཀྱིས་དེ་ལ་དམག་དྲངས་ཏེ། ཡ་ཧུ་དཱ་དང་ཡེ་རུ་ཤ་ལེམ་གྱི་ནང་དུ་ཞུགས་ནས། མི་སྡེའི་འགོ་དཔོན་ཐམས་ཅད་བསད་དེ། དེ་དག་གི་བཅོམ་ནོར་ཚང་མ་ད་མཱ་སེག་རྒྱལ་པོ་ལ་བཀལ་ཏོ། ༢༤ ཨ་རམ་པའི་དམག་དཔུང་ལ་དམག་མི་ཉུང་ངུ་ཡོད་ཀྱང་། ཡ་ཧོ་ཝཱས་དེ་དག་གི་ལག་ཏུ་དམག་ཚོགས་རབ་ཏུ་ཆེན་པོ་ཞིག་བཏད་དོ། གང་ལ་ཞེ་ན། འདི་དག་གིས་ཡ་ཧོ་ཝཱ་རང་གི་ཕ་མེས་ཀྱི་དཀོན་མཆོག་སྤངས་པས། དེ་དག་གིས་ཡོ་ཨས་ལས་དེའི་ལན་བླངས་སོ༎
༢༥ དེ་དག་གི་ཁོ་རབ་ཏུ་སྣད་པོ་བྱས་ནས། ཕར་བཞུད་པའི་ཚེ་ན། དེའི་འཁོར་གཡོག་རྣམས་ཀྱིས་བླ་མ་ཡེ་ཧོ་ཡ་དཱའི་བུ་དེ་བསད་པའི་ཕྱིར་དུ། བྱུས་ངན་བྱས་ཏེ། དེ་ནི་དེ་རང་གི་མལ་སའི་ནང་དུ་བསད་ནས་ཤི། དེ་དག་གིས་ཁོ་དཱ་བིད་ཀྱི་གྲོང་ཁྱེར་དུ་བསྐུངས་ཀྱང་། རྒྱལ་པོ་ཚོའི་དུར་ཁུང་གི་ནང་དུ་མ་བསྐུངས་སོ། ༢༦ དེ་ལ་ནང་ལོག་བྱས་པ་དག་ནི། ཨམ་མོན་མ་ཤི་མེ་ཨད་ཀྱི་བུ་ཟཱ་བད་དང་། མོ་ཨབ་མ་ཤིམ་རིད་ཀྱི་བུ་ཡོ་ཟ་བད་བྱ་བ་གཉིས་སོ། ༢༧ ཡོ་ཨས་ཀྱི་སྲས་རྣམས་དང་། དེའི་སྐོར་གྱི་ལུང་བསྟན་མང་པོ་དང་། དཀོན་མཆོག་གི་ཕོ་བྲང་གི་བཞིག་སོས་ཀྱི་སྐོར་རྣམས་ནི། རྒྱལ་པོ་དག་གི་རྒྱལ་རབས་ཀྱི་གླེགས་བམ་གྱི་ནང་དུ་ཡི་གེར་བཀོད་ཡོད། དེ་ལ་ལྟོས་ཤིག ཡང་དེའི་སྲས་ཨ་མ་ཙི་ཡཱ་དེའི་ཚབ་ཏུ་རྒྱལ་པོར་གྱུར་ཏོ༎