༢༣
ལོ་བདུན་པར་ཡེ་ཧོ་ཡ་དཱ་ཤུགས་ཅན་སོང་བས། དེས་བརྒྱ་དཔོན་རྣམས་དང་། ཡེ་རོ་ཧམ་གྱི་བུ་ཨ་ཟར་ཡཱ་དང་། ཡོ་ཧ་ནན་གྱི་བུ་ཨིས་མ་ཨེལ་དང་། ཨོ་བེད་ཀྱི་བུ་ཨ་ཟར་ཡཱ་དང་། ཨ་ད་ཡཱའི་བུ་མ་ཨ་སེ་ཡཱ་དང་། ཟིག་རིའི་བུ་ཨེ་ལི་ཤ་ཕད་རྣམས་དང་ཆད་དོན་བྱས་པ་དང་།  དེ་དག་ཡ་ཧུ་དཱ་ཡུལ་གྱི་ནང་ན་འཁོར་ནས། ཡ་ཧུ་དཱའི་གྲོང་ཁྱེར་ཐམས་ཅད་ཀྱི་ནང་ནས་ལེ་ཝི་པ་རྣམས་དང་། ཨིས་ར་ཨེལ་གྱི་ཕ་སྤད་ཀྱི་འགོ་བྱེད་རྣམས་བཀུག་པ་དང་། དེ་དག་ཡེ་རུ་ཤ་ལེམ་དུ་འོངས་ནས།  དཀོན་མཆོག་གི་ཕོ་བྲང་དུ་མི་ཚོགས་ཀུན་གྱིས་རྒྱལ་པོ་དང་མཉམ་དུ་ཆད་དོན་བྱས་སོ། དེར་ཡེ་ཧོ་ཡ་དཱས་དེ་དག་ལ། ལྟོས་ཤིག ཡ་ཧོ་ཝཱས་དཱ་བིད་ཀྱི་བརྒྱུད་འཛིན་ལ་རག་ལས་ཏེ་གསུངས་པ་ཁོ་ན་བཞིན་དུ། རྒྱལ་པོའི་སྲས་འདིས་རྒྱལ་སྲིད་མཛད་པར་དགོས་པས།  ད་ཁྱོད་རྣམས་ཀྱིས་བྱེད་དགོས་པ་འདི་ལྟ་སྟེ། ཤབ་བཱད་ཀྱི་ཉིན་པར་འདིར་འོང་བའི་བླ་མ་དང་ལེ་ཝི་པའི་སུམ་ཆ་གཅིག་གིས་སྒོ་སྲུང་ཞིག  ཡང་སུམ་ཆ་གཅིག་རྒྱལ་ཁབ་ཏུ་སྡོད་ཅིག ཡང་སུམ་ཆ་གཅིག་དེ་རྨང་གི་རྟ་སྒོར་སྡོད་ཅིག ཡང་མི་སྡེ་ཚང་མ་ཡ་ཧོ་ཝཱའི་ཕོ་བྲང་གི་སྡེ་ཡངས་ཀྱི་ནང་དུ་འདུས་ཤིག  ཡ་ཧོ་ཝཱའི་ཕོ་བྲང་ལ་བླ་མ་དང་ཞབས་ཏོག་ཞུ་བའི་ལེ་ཝི་པ་རྣམས་མ་གཏོགས་པར། གཞན་སུ་ཡང་ནང་དུ་མ་སྙེན་ཞིག དེ་རྣམས་དམ་པ་ཡིན་པས། ནང་དུ་འགྲོ་ཡིས། གཞན་ཀུན་གྱིས་ཡ་ཧོ་ཝཱའི་ཕོ་བྲང་སྲུང་བར་དགོས།  ཡང་ལེ་ཝི་པ་ཚང་མས་རང་གི་མཚོན་ཆ་ལག་ཏུ་ཐོགས་ནས། རྒྱལ་པོ་ལ་ཀྱིར་བསྐོར་ནས་སྡོད་པར་དགོས། གཞན་སུ་ཡང་མཆོད་ཁང་གི་ནང་དུ་འོང་ན། གསོད་པར་དགོས། རྒྱལ་པོ་ཕྱི་ནང་འགྲོ་སྐབས་སུ་ཁྱོད་ཅག་ཁོང་དང་མཉམ་དུ་སྡོད་དགོས། ཤེས་བསྒོ་བ་དང་།
 ལེ་ཝི་པ་དང་ཡ་ཧུ་དཱ་ཚང་མས་བླ་མ་ཡེ་ཧོ་ཡ་དཱས་བསྒོ་བ་ལྟར་བྱས་ཏེ། བླ་མ་ཡེ་ཧོ་ཡ་དཱས་རེས་ཚིར་རྣམས་མ་བཤིག་པས། ཤབ་བཱད་ཞག་ལ་ནང་དུ་འོང་དགོས་པ་རྣམས་དང་། ཤབ་བཱད་ཞག་ལ་ཕྱི་རོལ་དུ་འགྲོ་དགོས་པའི་འགོ་བྱེད་ཚོས་རེ་རང་གི་འཁོར་རྣམས་བསྡུས་སོ།  ཡང་བླ་མ་ཡེ་ཧོ་ཡ་དཱས་དཀོན་མཆོག་གི་གཞལ་ཡས་ཁང་ལ་ཡོད་པའི་དཱ་བིད་ཀྱི་མདུང་དང་། ཕུབ་དང་། ཕ་ལི་རྣམས་ཀྱང་བརྒྱ་དཔོན་རྣམས་ལ་བྱིན་ཏེ། ༡༠ མི་ཚང་མ་ལ་མཚོན་ཆ་བཀལ་ཏེ། མི་སྡེ་ཚང་མ་རྒྱལ་པོའི་ཀྱིར་འཁོར་དུ། མཆོད་ཁང་གི་གཡས་ཕྱོགས་ནས་གཡོན་ཕྱོགས་ཀྱི་བར་དུ། མཆོད་ཁྲི་དང་མཆོད་ཁང་ལ་གདོང་བཏད་དུ་བཞག་ནས། ༡༡ དེ་དག་གིས་རྒྱལ་པོའི་སྲས་བུ་བཏོན་ནས། དེའི་དབུ་ལ་ཅོད་པན་གསོལ་ཏེ། ཁོང་ལ་དཔང་པོ་བཏང་སྟེ། རྒྱལ་པོར་བྱས། ཡེ་ཧོ་ཡ་དཱ་དང་དེའི་བུ་རྣམས་ཀྱིས་ཁོང་ལ་སྣུམ་གྱིས་བྱུགས་ནས། རྒྱལ་པོའི་དབུ་རྨོག་མཐོ་བར་ཤོག་ཅིག ཅེས་འབོད་བསྒྲགས་སོ༎
༡༢ དེའི་ཚེ་ཨ་ཐལ་ཡཱས། མི་སྡེ་རྒྱུག་ཅིང་རྒྱལ་པོ་ལ་བསྟོད་པའི་ཀུ་སྒྲ་ཐོས་ནས། ཡ་ཧོ་ཝཱའི་ཕོ་བྲང་ལ་མི་སྡེའི་དྲུང་དུ་བསླེབས་ནས། ༡༣ མོས་བལྟས་པ་ལས། རྒྱལ་པོ་ནི་སྒོའི་ཀ་བའི་དྲུང་དུ་བཞེངས་པ་དང་། སྐུ་དྲག་དང་རྒྱ་དུང་པ་རྣམས་རྒྱལ་པོའི་དྲུང་དུ་དང་། ཡུལ་མི་ཚང་མ་དགའ་མགུ་ཞིང་རྒྱ་དུང་འབུད་པ་དང་། གླུ་མཁན་རྣམས་རོལ་ཆས་ཐོགས་ཏེ། བསྟོད་དབྱངས་ཀྱི་ནང་དུ་དབུ་མཛད་བྱེད་པར་མཐོང་ནས་ཨ་ཐལ་ཡཱས་གོས་ཧྲལ་ཏེ། ནང་དགྲ་ལངས། ནང་དགྲ་ལངས། ཤེས་བོས་པ་དང་། ༡༤ བླ་མ་ཡེ་ཧོ་ཡ་དཱས་བརྒྱ་དཔོན་དང་། དམག་དཔུང་གི་དམག་མགོ་རྣམས་ཕྱི་རོལ་དུ་ཁྱེར་ནས། དེ་དག་ལ། མོ་གྲལ་གྱི་ནང་ནས་ཕྱི་རོལ་དུ་ཕྱུང་ཞིག མོ་ལ་འབྲང་བ་རྣམས་རལ་གྲིས་གསོད་ཅིག་ཅེས་བསྒོའོ། གང་ལ་ཞེ་ན། ཡ་ཧོ་ཝཱའི་གཞལ་ཡས་ཁང་ལ་མོ་མ་གསོད་ཅིག ཅེས་བླ་མ་དེས་བཀའ་གནང་བ་ཡིན། ༡༥ དེ་ནས་དེ་དག་གིས་ལག་དར་ཏེ། མོ་རྒྱལ་ཁབ་ཀྱི་མདུན་དུ་རྟ་སྒོ་རུ་སླེབ་པ་ཙམ་གྱིས་སྲོག་དང་ཕྲལ་ཏོ༎
༡༦ ཡང་ཡེ་ཧོ་ཡ་དཱས་དེ་རྣམས་ནི་ཡ་ཧོ་ཝཱའི་མི་སྡེར་ལུས་པའི་དོན་དུ། དེ་རང་དང་། མི་སྡེ་ཚང་མ་དང་། རྒྱལ་པོ་ལ་ཆད་དོན་བྱེད་དུ་བཅུག་གོ། ༡༧ དེ་ནས་མི་སྡེ་ཚང་མ་བ་ཨཱལ་གྱི་ལྷ་ཁང་དུ་སོང་ནས། དེ་བཤིག་ནས། དེའི་མཆོད་ཁྲི་དང་། སྐུ་རྣམས་སིལ་བུར་བཅག་སྟེ། བ་ཨཱལ་གྱི་བླ་མ་མད་ཐན་བྱ་བ་དེ་མཆོད་ཁྲིའི་མདུན་དུ་བསད་དོ། ༡༨ ཡང་ཡེ་ཧོ་ཡ་དཱས་མོ་ཤེའི་བཀའ་ཁྲིམས་ལ་བྲིས་པ་ལྟར། དཱ་བིད་ཀྱིས་ཡ་ཧོ་ཝཱའི་ཕོ་བྲང་དུ་སྦྱིན་སྲེག་གི་མཆོད་པ་འབུལ་བའི་ཕྱིར། བླ་མ་དང་ལེ་ཝི་པ་རྣམས་བསྐོས་ཏེ། དཱ་བིད་ཀྱིས་བསྒོ་བ་ལྟར་དགའ་ཞིང་མགུར་འབུལ་བ་དང་། ཡ་ཧོ་ཝཱའི་ཕོ་བྲང་སྲུང་བའི་ཁག་དེ་དག་གི་ལག་ཏུ་བཏད་དོ། ༡༩ མི་གཙང་བ་ཞིག་ནང་དུ་མི་མཛུལ་བའི་ཕྱིར་དུ། དེས་ཡ་ཧོ་ཝཱའི་སྒོ་སོ་སོ་ལ་སྒོ་པ་ཡང་བཞག་གོ། ༢༠ དེ་ནས་དེས་བརྒྱ་དཔོན་དང་། སྐུ་དྲག་དང་། མི་སྡེའི་དཔོན་པོ་དང་། ཡུལ་ཁམས་ཀྱི་མི་མཐའ་དག་དང་བཅས་སུ། ཡ་ཧོ་ཝཱའི་ཕོ་བྲང་ལས་རྒྱལ་པོ་བཏོན་ཏེ། སྒོ་ལྟག་པ་རྒྱུད་དེ་རྒྱལ་ཁབ་ཏུ་ཕྱིན་པ་དང་། རྒྱལ་སྲིད་ཀྱི་ཁྲི་ལ་རྒྱལ་པོ་བཏེགས་ནས། ༢༡ ཡུལ་མི་ཚང་མས་སྐྱིད་པོ་བྱས་ཏེ། དེ་དག་གིས་ཨ་ཐལ་ཡཱ་རལ་གྲིས་བཀུམ་པས། རྒྱལ་སའི་ནང་དུ་དུས་བདེ་བྱུང་ངོ་༎