༡༠
དེ་ནས་ཨེས་རཱས་གསོལ་བ་བཏབ་སྟེ། དཀོན་མཆོག་གི་ཕོ་བྲང་གི་མདུན་དུ་ཁ་འབུབ་ཏུ་ངུ་ཞིང་སྡིག་པ་མཐོལ་བའི་ཚེ། ཨིས་ར་ཨེལ་པའི་དཀྱིལ་ནས་སྐྱེས་པ་དང་། བུད་མེད་དང་། ཕྲུ་གུའི་ཚོགས་ཤིན་ཏུ་ཆེན་པོ་ཞིག་ཁོའི་རྩར་འདུས་ཏེ། མི་ཐམས་ཅད་དྲག་པོར་ངུས་སོ། ༢ དེར་ཨེ་ལམ་གྱི་བུ་རྣམས་ཀྱི་ནང་ནས་ཡེ་ཧི་ཨེལ་གྱི་བུ་ཤེ་ཀན་ཡཱས་ལན་བཏབ་ཅིང་ཨེས་རཱ་ལ་འདི་སྐད་དུ། བདག་ཅག་གིས་རང་གི་དཀོན་མཆོག་གི་བཀའ་ལས་འགལ་ཞིང་། ཡུལ་འདིའི་ཕྱི་པའི་ནང་ནས་ཆུང་མ་བླངས་པ་ཡིན། འོན་ཀྱང་བྱ་བ་འདིའི་ཕྱིར་ཨིས་ར་ཨེལ་ལ་ད་རུང་རེ་བ་ཡོད། ༣ ད་དེ་བས་ན་བདག་ཅག་གིས་རང་གི་དཀོན་མཆོག་དང་ཆད་དོན་བྱེད་དེ། བདག་ཅག་གི་ཇོ་བོ་དང་། དཀོན་མཆོག་གི་བཀའ་ལ་འཇིགས་མཁན་རྣམས་ཀྱི་ཞལ་ཏ་ནང་ལྟར་ཕྱི་པའི་བུད་མེད་རྣམས་དང་། དེ་དག་ལས་སྐྱེས་པ་རྣམས་ཕར་བཞག་དགོས། ཡང་ལས་དེ་ནི་བཀའ་ཁྲིམས་བཞིན་དུ་བྱེད་པའི་རིགས་སོ། ༤ ད་ཞེངས་ཤིག ལས་འདི་ཁྱེད་ཀྱི་ཁག་ཡིན། བདག་ཅག་གིས་ཀྱང་ཁྱེད་ལ་གྲོགས་བགྱི། སྤོབས་པ་སྐྱེད་ཅིང་འདི་སྒྲུབ་པར་མཛོད་ཅེས་སྨྲས་སོ། ༥ དེར་ཨེས་རཱ་ལངས་ནས། བླ་མ་ཆེན་པོ་དང་། ལེ་ཝི་པ་དང་། ཨིས་ར་ཨེལ་པ་ཐམས་ཅད་ཀྱིས་དེ་བཞིན་དུ་བྱེད་པའི་མནའ་བཀལ་བས། དེ་རྣམས་ཀྱིས་མནའ་དེ་བསྐྱེལ་ཏོ༎༦ དེ་ནས་ཨེས་རཱ་དཀོན་མཆོག་གི་ཕོ་བྲང་གི་མདུན་དུ་ལངས་ཏེ། ཨེལ་ཡཱ་ཤིབ་ཀྱི་བུ་ཡོ་ཧ་ནན་གྱི་ནང་མིག་ཏུ་སོང་ངོ་། དེར་བསླེབ་ནས་བག་ལེབ་ཀྱང་མ་ཟོས། ཆུ་ཡང་མ་བཏུང་ངོ་། དེ་ཅིའི་ཕྱིར་ཞེ་ན། བཟུང་སྟེ་ཁྱེར་མཁན་རྣམས་ཀྱི་སྡིག་པའི་ཕྱིར་མྱ་ངན་བྱེད་ཅིང་བསྡད་པས་སོ། ༧ ཡང་དེ་དག་གིས་ཡ་ཧུ་དཱ་དང་ཡེ་རུ་ཤ་ལེམ་དུ་བཀར་བཏགས་ཤིང་། བཟུང་ནས་ཁྱེར་བའི་བུ་ཐམས་ཅད་ཡེ་རུ་ཤ་ལེམ་དུ་འཛོམ་པར་གྱིས་ཤིག་ཅེས་སྦྲན་ཏོ། ༨ སུ་ཞིག་ཞག་གསུམ་གྱི་བར་དུ་རྒྱལ་ཕྲན་རྣམས་དང་རྒད་པོ་རྣམས་ཀྱི་གྲོས་བཞིན་དུ་མ་འོང་ན། མི་དེའི་ནོར་ཐམས་ཅད་བཟུང་ནས། དེ་རང་ནི་བཟུང་ཁྱེར་མཁན་རྣམས་ཀྱི་ཚོགས་ཀྱི་ནང་ནས་འབྱིན་པར་བྱའོ༎
༩ དེ་ནས་ཞག་གསུམ་གྱི་ནང་དུ་ཡ་ཧུ་དཱ་དང་བེན་ཡ་མིན་གྱི་མི་ཐམས་ཅད་ཡེ་རུ་ཤ་ལེམ་དུ་འཛོམ་སྟེ། དེ་ནི་ཟླ་བ་དགུ་པའི་ཚེས་ཉི་ཤུ་པ་ཡོད་པ་ཡིན། ཡང་མི་ཐམས་ཅད་དཀོན་མཆོག་གི་ཕོ་བྲང་གི་སྲོལ་དུ་བསྡད་དེ། བྱ་བ་དེའི་ཕྱིར་དང་ཆར་པ་དྲག་པོའི་སྟབས་ཀྱིས་འདར་གྱིན་ཡོད་པ་ཡིན། ༡༠ དེར་བླ་མ་ཨེས་རཱ་ལངས་ནས་དེ་རྣམས་ལ། ཁྱོད་རྣམས་འགལ་ནས། ཨིས་ར་ཨེལ་གྱི་སྡིག་པ་ལྷག་པར་བྱེད་པའི་ཕྱིར་ཕྱི་པའི་བུད་མེད་རྣམས་ཆུང་མར་བླངས། ༡༡ དེ་བས་ན་རང་གི་ཕ་མེས་རྣམས་ཀྱི་དཀོན་མཆོག་ཡ་ཧོ་ཝཱའི་དྲུང་དུ་སྡིག་པ་མཐོལ་ནས། ཁོང་གི་ཐུགས་དགོངས་བཞིན་དུ་གྱིས་ཤིག ཡང་ཡུལ་འདིའི་མི་རྣམས་དང་ཕྱི་པའི་བུད་མེད་རྣམས་དང་སོ་སོར་གྱིས་ཤིག་ཅེས་བསྐུལ་ཏོ། ༡༢ དེ་ནས་མི་ཚོགས་ཐམས་ཅད་ཀྱིས་ལན་བཏབ་ཅིང་སྒྲ་དྲག་པོས། ཁྱེད་ཀྱིས་བསྒོ་བ་བཞིན་དུ་བདག་ཅག་གིས་བྱེད་པའི་རིགས་མོད། ༡༣ མི་ཚོགས་ནི་མང་པོ་ཡོད། དེ་མ་ཟད། དུས་འདི་ལ་ཆར་པ་མང་པོ་འབབ་པས། བདག་ཅག་ཕྱི་རོལ་དུ་ལངས་ནས་སྡོད་མི་ཐུབ། བདག་ཅག་མི་མང་པོས་བྱ་བ་འདི་ནང་དུ་འགལ་སྐྱོན་བྱས་པ་ཡིན་པས། འདི་ནི་ཞག་གཅིག་གཉིས་ཀྱི་ལས་མ་ཡིན། ༡༤ ད་མི་ཚོགས་ཐམས་ཅད་ཀྱི་དཔོན་པོ་རྣམས་འདིར་བཞུགས་སུ་ཆུག་ཅིག་དང་། ལས་འདི་འགྲུབ་པའི་ཕྱིར། ངེད་ཐོག་ཡོད་པའི་རང་གི་དཀོན་མཆོག་གི་ཐུགས་ཁྲོ་དྲག་པོ་ཞི་བའི་དོན་དུ། གྲོང་ཁྱེར་སོ་སོ་ནང་ཕྱི་པའི་བུད་མེད་ཆུང་མར་བླངས་པ་ཐམས་ཅད་ནི། རང་གི་རྒན་རབས་དང་ཁྲིམས་དཔོན་དང་བཅས་སུ་ཞག་ཆད་ནང་འོང་དུ་ཆུག་ཅིག་ཅེས་ཞུས་སོ། ༡༥ གྲོས་འདི་ལ་ཨ་ས་ཧེལ་གྱི་བུ་ཡོ་ན་ཐན་དང་། ཏིག་ཝཱའི་བུ་ཡ་ཧ་ཟེ་ཡཱ་གཉིས་འབའ་ཞིག་མ་དགའ་བ་དང་། ལེ་ཝི་པ་མེ་ཤུལ་ལམ་དང་ཤབ་ཐཱ་ཨིས་དེ་གཉིས་ཀྱི་གྲོགས་བྱས་སོ༎
༡༦ དེ་ལྟར་བཟུང་ཁྱེར་བའི་བུ་རྣམས་ཀྱིས་བྱས་ཏེ། བླ་མ་ཨེས་རཱ་དང་བཅས་པ་ཕ་མེས་ཀྱི་དཔོན་པོ་འགའ་ཞིག་རང་གི་ཕ་མེས་ཀྱི་བརྒྱུད་བཞིན་དུ་མིང་གསལ་གྱིས་སོ་སོར་ཕྱེས་པ་ཐམས་ཅད་ཟླ་བ་བཅུ་པའི་ཚེས་དང་པོར་འོངས་ནས་བྱ་བ་འདི་ལ་རྩད་གཅོད་དུ་བསྡད་དེ། ༡༧ ཟླ་བ་དང་པོའི་ཚེས་དང་པོར་ཕྱི་པའི་བུད་མེད་ཆུང་མར་བླངས་པའི་མི་རྣམས་ལ་ཁྲིམས་ཐག་གཅོད་པ་དེ་ཚར་རོ༎
༡༨ ཡང་བླ་མའི་བུ་རྣམས་ཀྱི་ནང་ནས་ཕྱི་པའི་བུད་མེད་ཆུང་མར་བླངས་མཁན་རྣམས་ནི་འདི་ལྟ་སྟེ། ཡོ་ཚ་དག་གི་བུ་ཡེ་ཤུ་ཨ་ཡི་བརྒྱུད་དང་སྤུན་རྣམས་ལས། མ་ཨ་སེ་ཡཱ་དང་། ཨེ་ལི་ཨེ་ཟེར་དང་། ཡ་རིབ་དང་། གེ་དལ་ཡཱ་དང་བཞིའོ། ༡༩ དེ་དག་གིས་རང་གི་ཆུང་མ་རྣམས་སྤང་བའི་ལག་ཆད་བྱས་ཤིང་། བྱ་བ་དེ་ནང་གནོངས་ཅན་དུ་གྱུར་པས། རང་གི་སྡིག་པའི་དོན་དུ་ཁྱུའི་ལུག་ཐུག་གཅིག་མཆོད་པར་ཕུལ་ཏོ། ༢༠ ཡང་ཨིམ་མེར་གྱི་བུ་རྣམས་ནས། ཧ་ནཱ་ནི་དང་། ཟེ་བད་ཡཱ་དང་། ༢༡ ཧ་རིམ་གྱི་བུ་རྣམས་ནས། མ་ཨ་སེ་ཡཱ་དང་། ཨེ་ལི་ཡཱ་དང་། ཤེ་མ་ཡཱ་དང་། ཡེ་ཧི་ཨེལ་དང་། ཨུ་ཟི་ཡཱ་དང་། ༢༢ ཕ་ཤུར་གྱི་བུ་རྣམས་ནས། ཨེལ་ཡོ་ཨེ་ནཱ་ཨི་དང་། མ་ཨ་སེ་ཡཱ་དང་། ཨིས་མ་ཨེལ་དང་། ནེ་ཐན་ཨེལ་དང་། ཡོ་ཟ་བད་དང་། ཨེ་ལེ་ཨ་སཱ་དང་།
༢༣ ལེ་ཝི་པ་རྣམས་ནས། ཡོ་ཟ་བད་དང་། ཤི་མེ་ཨི་དང་། ཀེ་ལ་ཡཱའམ་ཀེ་ལི་ཏཱ་བྱ་བ་དང་། པེ་ཐ་ཧི་ཡཱ་དང་། ཡུ་དཱ་དང་། ཨེ་ལི་ཨེ་ཟེར་དང་། ༢༤ མགུར་ལེན་མཁན་རྣམས་ནས། ཨེལ་ཡཱ་ཤིབ་དང་། སྒོ་པ་རྣམས་ནས། ཤལ་ལུམ་དང་། ཏེ་ལེམ་དང་། ཨུ་རི་དང་།
༢༥ ཨིས་ར་ཨེལ་པ་པར་ཨོས་ཀྱི་བུ་རྣམས་ནས། རམ་ཡཱ་དང་། ཡི་ཟི་ཡཱ་དང་། མལ་ཀི་ཡཱ་དང་། མི་ཡཱ་མིན་དང་། ཨེལ་ཨ་ཟར་དང་། མལ་ཀི་ཡཱ་དང་། བེ་ནཱ་ཡཱ་དང་། ༢༦ ཨེ་ལམ་གྱི་བུ་རྣམས་ནས། མད་ཐན་ཡཱ་དང་། ཟ་ཀར་ཡཱ་དང་། ཡེ་ཧི་ཨེལ་དང་། ཨབ་དཱི་དང་། ཡེ་རེ་མོད་དང་། ཨེ་ལི་ཡཱ་དང་། ༢༧ ཟད་ཐུའི་བུ་རྣམས་ནས། ཨེལ་ཡོ་ཨེ་ནཱ་ཨི་དང་། ཨེལ་ཡཱ་ཤིབ་དང་། མད་ཐན་ཡཱ་དང་། ཡེ་རེ་མོད་དང་། ཟཱ་བད་དང་། ཨ་ཟི་ཟཱ་དང་། ༢༨ བེ་བཱ་ཨིའི་བུ་རྣམས་ནས། ཡོ་ཧ་ནན་དང་། ཧ་ནན་ཡཱ་དང་། ཟབ་བཱ་ཨི་དང་། ཨད་ལཱ་ཨི་དང་། ༢༩ བཱ་ནིའི་བུ་རྣམས་ལས། མེ་ཤུལ་ལམ་དང་། མལ་ལུག་དང་། ཨ་ད་ཡཱ་དང་། ཡ་ཤུབ་དང་། ཤེ་ཨལ་དང་། ཡེ་རེ་མོད་དང་། ༣༠ ཕ་ཧད་མོ་ཨབ་ཀྱི་བུ་རྣམས་ནས། ཨད་ནཱ་དང་། ཁེ་ལལ་དང་། བེ་ནཱ་ཡཱ་དང་། མ་ཨ་སེ་ཡཱ་དང་། མད་ཐན་ཡཱ་དང་། བེ་ཚ་ལེ་ཨེལ་དང་། བིན་ནུ་ཨི་དང་། མ་ན་ཤེ་དང་། ༣༡ ཧ་རིམ་གྱི་བུ་རྣམས་ནས། ཨེ་ལི་ཨེ་ཟེར་དང་། ཡིས་ཤི་ཡཱ་དང་། མལ་ཀི་ཡཱ་དང་། ཤེ་མ་ཡཱ་དང་། ཤིམ་ཨོན་དང་། ༣༢ བེན་ཡ་མིན་དང་། མལ་ལུག་དང་། ཤེ་མར་ཡཱ་དང་། ༣༣ ཧ་ཤུམ་གྱི་བུ་རྣམས་ནས། མད་ཏེ་ནཱ་ཨི་དང་། མད་ཏ་ཐཱ་དང་། ཟཱ་བད་དང་། ཨེ་ལི་ཕེ་ལེད་དང་། ཡེ་རེ་མཱ་ཨི་དང་། མ་ན་ཤེ་དང་། ཤི་མེ་ཨི་དང་། ༣༤ བཱ་ནིའི་བུ་རྣམས་ནས་མ་ཨ་དཱ་ཨི་དང་། ཨམ་རམ་དང་། ཨུ་ཨེལ་དང་། ༣༥ བེ་ནཱ་ཡཱ་དང་། བེ་དེ་ཡཱ་དང་། ཁེ་ལུ་ཧི་དང་། ༣༦ ཝན་ཡཱ་དང་། མེ་རེ་མོད་དང་། ཨེལ་ཡཱ་ཤིབ་དང་། ༣༧ མད་ཐན་ཡཱ་དང་། མད་ཏེ་ནཱ་ཨི་དང་། ཡ་ཨ་སུ་དང་། ༣༨ བ་ནཱི་དང་། བིན་ནུ་ཨི་དང་། ཤི་མེ་ཨི་དང་། ༣༩ ཤེ་ལེམ་ཡཱ་དང་། ནཱ་ཐན་དང་། ཨ་ད་ཡཱ་དང་། ༤༠ མག་ནད་བཱ་ཨི་དང་། ཤ་ཤཱ་ཨི་དང་། ཤ་རཱ་ཨི་དང་། ༤༡ ཨ་སར་ཨེལ་དང་། ཤེ་ལེམ་ཡཱ་དང་། ཤེ་མར་ཡཱ་དང་། ༤༢ ཤལ་ལུམ་དང་། ཨ་མར་ཡཱ་དང་། ཡོ་སེབ་དང་། ༤༣ ནེ་བོའི་བུ་རྣམས་ནས། ཡེ་ཧི་ཨེལ་དང་། མད་ཐིད་ཡཱ་དང་། ཟཱ་བད་དང་། ཟེ་བི་ནཱ་དང་། ཡ་དཱ་ཨི་དང་། ཡོ་ཨེལ་དང་། བེ་ནཱ་ཡཱ། ༤༤ དེ་ཐམས་ཅད་ཀྱིས་ཕྱི་པའི་བུད་མེད་ཆུང་མར་བླངས་ཡོད་དེ། འགའ་ཞིག་གི་ཆུང་མ་ལ་ཕྲུ་གུ་ཡང་སྐྱེས་ཡོད་པ་ཡིན་ནོ༎ ༎