༩
བྱ་བ་དེའི་འོག་ཏུ་རྒྱལ་ཕྲན་རྣམས་ངའི་རྩར་འོངས་ནས་འདི་སྐད་དུ། ཨིས་ར་ཨེལ་གྱི་མི་རྣམས་དང་། བླ་མ་རྣམས་དང་། ལེ་ཝི་པ་རྣམས་ཀྱིས་ཡུལ་མི་དང་འདྲེས་ནས། ཀ་ན་ཨན་པ་དང་། ཧེད་པ་དང་། ཕེ་རི་ཟི་པ་དང་། ཡེ་བུས་པ་དང་། ཨམ་མོན་པ་དང་། མོ་ཨབ་པ་དང་། མི་སེར་པ་དང་། ཨ་མོར་པ་རྣམས་ཀྱི་ཞེན་ལོག་གི་ལས་ལ་མ་འཛེམ་པར། ༢ ཁོ་རྣམས་ཀྱི་བུ་མོ་རྣམས་རང་དང་རང་གི་བུ་རྣམས་ཀྱི་ཆུང་མར་བླངས་ཏེ། ས་བོན་གཙང་བ་དེ་ཡུལ་དེ་རྣམས་ཀྱི་མི་ཀུན་དང་བསྲེས་འདུག དེས་མ་ཟད་རྒྱལ་ཕྲན་དང་དཔོན་པོ་རྣམས་ཀྱི་ལག་པ་ནི་སྡིག་པ་འདིའི་ནང་དུ་དང་པོ་ཡོད་པ་ཡིན་ཞེས་ཞུས་སོ། ༣ ངས་གཏམ་དེ་ཐོས་པའི་ཚེ། ང་རང་གི་གོས་དང་གཟན་གོས་ཧྲལ་ཏེ། ངའི་མགོའི་སྐྲ་དང་སྨ་ར་འབྲབ་ཅིང་དྲན་པ་ཁྱོར་ནས་བསྡད་དོ། ༤ དེ་ནས་བཟུང་ཁྱེར་བ་རྣམས་ཀྱི་ཉེས་སྡིག་གི་ཕྱིར་ཨིས་ར་ཨེལ་གྱི་དཀོན་མཆོག་གི་གསུང་གིས་འདར་མཁན་ཐམས་ཅད་ངའི་རྩར་འདུས་ཏེ། ང་དགོངས་མོའི་མཆོད་པའི་བར་དུ་དྲན་པ་ཁྱོར་ནས་བསྡད་པ་ཡིན།༥ དགོངས་མོའི་མཆོད་པའི་དུས་སུ། ང་ནི་སྡུག་བྱེད་པ་ལས་ལངས་ཏེ། རང་གི་གོས་དང་གཟན་ཧྲལ་ཞིང་། པུས་མོ་ས་ལ་བཙུག་ཅིང་། ང་རང་གི་དཀོན་མཆོག་ཡ་ཧོ་ཝཱའི་ཕྱོགས་སུ་ལག་པ་བརྐྱངས་ནས། ༦ ཀྱེ་བདག་གི་དཀོན་མཆོག བདག་ཅག་གི་སྡིག་པ་རྣམས་ངེད་ཀྱི་མགོ་ལས་ཐལ་ཏེ། ངེད་ཀྱི་ཉེས་པ་རྣམས་ནམ་མཁའི་བར་དུ་སླེབ་པས་ན། ངའི་དཀོན་མཆོག་ཁྱེད་ཕྱོགས་སུ་གདོང་འདེགས་པར་ངོ་ཚ་སྟེ། སྐྱེངས་ཤིང་སྡོད་དོ། ༧ བདག་ཅག་གི་ཕ་མེས་རྣམས་ཀྱི་དུས་ནས་དེ་རིང་གི་ཉི་མའི་བར་དུ། བདག་ཅག་གི་ཉེས་འགལ་ཆེ་སྟེ། བདག་ཅག་གི་སྡིག་པ་རྣམས་ཀྱི་ཕྱིར་དེ་རིང་ཡོད་པ་ལྟར་དུ། བདག་ཅག་རང་དང་། བདག་ཅག་གི་རྒྱལ་པོ་རྣམས་དང་། བདག་ཅག་གི་བླ་མ་རྣམས། ཡུལ་དེ་ཀུན་གྱི་རྒྱལ་པོ་རྣམས་ཀྱི་ལག་ཏུ་གསོད་པ་དང་། འཛིན་པ་དང་། འཇོམ་པ་དང་། ངོ་ཚ་བའི་ཕྱིར་བཏད་པ་ཡིན། ༨ ད་ལྟ་བདག་ཅག་གི་དཀོན་མཆོག་ཡ་ཧོ་ཝཱས་དུས་ཐུང་དུ་ཞིག་ཐུགས་རྗེ་མཛད་ཅིང་། བདག་ཅག་ལས་ལྷག་མ་ཞིག་ཐར་འཇུག་པར་མཛད། ཡང་བདག་ཅག་གི་དཀོན་མཆོག་གིས་བདག་ཅག་གི་མིག་རྣམས་ཁྲ་གསལ་མཛད་ཅིང་། བདག་ཅག་ལ་བཙོན་གྱི་ནང་དུ་སེམས་གསོ་ཆུང་ངུ་ཞིག་འབྱུང་བའི་ཕྱིར། ཁོང་ཉིད་ཀྱི་དམ་པའི་གནས་སུ་བདག་ཅག་ལ་ཕུར་པ་ཞིག་གནང་བར་མཛད་དོ། ༩ དེ་ཅིའི་ཕྱིར་ཞེ་ན། བདག་ཅག་བཙོན་པ་ཡིན་ཀྱང་། དཀོན་མཆོག་གིས་བདག་ཅག་ནི་བཙོན་གྱི་ནང་དུ་ཕངས་མ་བཞག་པར། ངེད་ལ་སྲོག་གསར་བ་ཞིག་གནང་སྟེ། རང་གི་དཀོན་མཆོག་གི་ཕོ་བྲང་བཞེང་བར་དང་། བཞིག་པ་དེ་གསོ་བ་དང་། བདག་ཅག་ལ་ཡ་ཧུ་དཱ་དང་ཡེ་རུ་ཤ་ལེམ་དུ་ལྕགས་རི་ཞིག་རྙེད་པའི་ཕྱིར། ཏ་ཟིག་གི་རྒྱལ་པོ་རྣམས་ཀྱི་མདུན་དུ་ཐུགས་རྗེ་གཟིགས་པ་ཁོང་གིས་བདག་ཅག་ལ་གནང་ངོ་༎
༡༠ ད་ཀྱེ་ངེད་ཀྱི་དཀོན་མཆོག དེ་ལྟར་མཛད་པའི་འོག་ཏུ་ཅི་ཞུ་བར་བྱ། ཅི་ལ་ཞེ་ན། ཁྱེད་ཀྱི་བཀའ་ཉིད་ཀྱི་གཡོག་པོ་ལུང་སྟོན་པ་རྣམས་རྒྱུད་ནས་གསུངས་པ་དེ་རྣམས། བདག་ཅག་གིས་མ་བསྲུངས་སོ། ༡༡ ཁྱེད་ཀྱིས་འདི་སྐད་དུ། ཁྱོད་རྣམས་དབང་བར་ཕྱིན་པའི་ཡུལ་ནི། ཡུལ་དེ་དག་གི་མི་རྣམས་ཀྱི་ལས་ཞེན་ལོག་གིས་མི་གཙང་བའི་ཡུལ་དུ་བྱས་པས། ཡུལ་གྱི་འགོ་ནས་མཇུག་གི་བར་དུ་དེ་དག་གི་གྲིབ་ཀྱིས་བཀང་བ་ཡིན། ༡༢ ད་དེའི་ཕྱིར། ཁྱོད་ཅག་གི་བུ་མོ་རྣམས་དེ་དག་གི་བུ་རྣམས་ལ་མ་ཐོང་། དེ་དག་གི་བུ་མོ་རྣམས་མནའ་མ་ལ་ཡང་མ་ལེན། དེ་ཚོའི་བདེ་བ་དང་ལོངས་སྤྱོད་ནམ་དུ་ཡང་མ་ཚོལ་ཞིག དེ་ནས་ཁྱོད་རྣམས་སྟོབས་ཅན་དུ་གྱུར་ཏེ། ཡུལ་གྱི་བཅུད་ཟ་ཞིང་། དེ་ནི་རང་གི་བུ་རྣམས་ལ་ནོར་སྐལ་དུ་འཇོག་པར་འགྱུར་རོ་ཞེས་གསུངས་མོད། ༡༣ ཡང་བདག་ཅག་གི་བྱ་བ་ངན་པ་དང་སྡིག་པ་ཆེན་པོ་རྣམས་ཀྱི་སྒོ་ནས་ཕོག་པའི་སྡུག་བསྔལ་ཚང་མ་འདི་ནི། ངེད་ཀྱི་དཀོན་མཆོག་ཁྱེད་ཀྱིས་བདག་ཅག་གི་སྡིག་པའི་ཚོད་དང་བསྟུན་ནས་བཀའ་ཆད་ལྕི་བ་མ་གནང་བར། འདི་ལྟར་ཐར་བར་མཛད་དོ། ༡༤ ད་བདག་ཅག་སླར་ཡང་ཁྱེད་ཀྱི་བཀའ་གཅོག་ཅིང་། ཞེན་ལོག་གི་མི་བརྒྱུད་འདི་རྣམས་དང་གཉེན་འཛིན་བྱེད་པས། ཁྱེད་ཀྱིས་བདག་ཅག་མི་གཅིག་ཀྱང་ལྷག་མ་ལུས་པར་མེད་མཁན་མཛད་པའི་བར་དུ་ཐུགས་ཁྲོ་བར་མི་རིགས་སམ། ༡༥ ཀྱེ་ཨིས་ར་ཨེལ་གྱི་དཀོན་མཆོག་ཡ་ཧོ་ཝཱ། ཁྱེད་ཐུགས་གཞི་དྲང་པོ་ལགས། བདག་ཅག་དེ་རིང་གི་བར་དུ་ཐར་ནས་ལུས་པ་ལགས། གཟིགས་ཤིག བདག་ཅག་ཁྱེད་ཀྱི་དྲུང་དུ་རང་གི་སྡིག་པ་རྣམས་ཀྱི་ནང་དུ་ཡོད། དེའི་ཕྱིར་བདག་ཅག་ཁྱེད་ཀྱི་དྲུང་དུ་འགྲེངས་ཏེ་སྡོད་མི་ནུས་ཞེས་ཞུས་སོ༎