༣
དེའི་རྗེས་སུ་རྒྱལ་པོ་ཨ་ཧས་ཝེ་རོས་ཀྱིས་ཨ་གག་པ། ཧམ་མེ་དཱ་ཐཱའི་བུ་ཧ་མན་གྱི་གོ་ས་བཏེགས་ཏེ་ཆེ་བར་བྱས་ནས། དེ་མཉམ་དུ་ཡོད་པའི་རྒྱལ་ཕྲན་ཀུན་པས་གྲལ་འགོར་བཞག་གོ། ༢ ཡང་རྒྱལ་པོའི་རྟ་སྒོ་ན་ཡོད་པའི་འཁོར་གཡོག་རྣམས་ཀྱིས་ཧ་མན་ལ་མགོ་བཀུག་སྟེ། ཕྱག་ཀྱང་བཙལ་ཏོ། དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོས་དེའི་ཕྱིར་དེ་ལྟ་བུའི་བཀའ་གནང་ཡོད་པ་ཡིན། འོན་མར་དོ་ཀཱ་ཨིས་མགོ་ཡང་མ་བཀུག ཕྱག་ཀྱང་མ་བཙལ་ཏོ། ༣ དེར་རྒྱལ་པོའི་རྟ་སྒོར་ཡོད་པའི་འཁོར་གཡོག་རྣམས་ཀྱིས་མར་དོ་ཀཱ་ཨི་ལ། ཁྱོད་རྒྱལ་པོའི་བཀའ་ལ་མི་ཉན་པ་དེ་ཅི་ཡིན་ཟེར་ནས། ༤ ཉིན་རེ་བཞིན་དུ་སྨྲས་ཀྱང་། དེ་དག་ལ་མ་ཉན་པས། དེ་དག་གིས་མར་དོ་ཀཱ་ཨིས་ང་ཡ་ཧུ་དཱ་པ་ཡིན་སྨྲས་པའི་གཏམ་དེའི་ཁར་གནས་མིན་ལྟ་རུ། ཧ་མན་ལ་བཤད་དོ། ༥ མར་དོ་ཀཱ་ཨིས་མགོ་མི་དགུར་བ་དང་། ཕྱག་མི་བྱེད་པ་ཧ་མན་གྱིས་མཐོང་བའི་ཚེ་ན་ཤིན་ཏུ་ཁྲོས་སོ། ༦ མི་རྣམས་ཀྱིས་མར་དོ་ཀཱ་ཨིའི་བརྒྱུད་ཧ་མན་ལ་བཤད་པས། དེས་ནི་མར་དོ་ཀཱ་ཨི་གཅིག་པུ་གསོད་པ་ཅིའང་མིན་བསམ་ནས། རྒྱལ་པོ་ཨ་ཧས་ཝེ་རོས་ཀྱི་རྒྱལ་ཁམས་ན་གནས་པའི་མར་དོ་ཀཱ་ཨིའི་བརྒྱུད་ཡ་ཧུ་དཱ་པ་ཐམས་ཅད་མེད་པར་བྱེད་དུ་དམིགས་སོ༎༧ རྒྱལ་པོ་ཨ་ཧས་ཝེ་རོས་ཀྱིས་སྲིད་བྱེད་པའི་ལོ་བཅུ་གཉིས་པའི་ནི་སཱན་བྱ་བའི་ཟླ་བ་དང་པོ་ནས་ཚུན་དུ། ཟླ་བ་བཅུ་གཉིས་པ་ཨ་དར་བྱ་བའི་བར་དུ། དེ་དག་གིས་པུར་བྱ་བའི་མོ་བཏབ་ནས། ཧ་མན་གྱི་མདུན་དུ་ཟླ་རེའི་ཉིན་རེ་བཞིན་དུ་མོ་བཏབ་པ་ཡིན་ནོ། ༨ དེར་ཧ་མན་གྱིས་རྒྱལ་པོ་ཨ་ཧས་ཝེ་རོས་ལ། ཁྱེད་ཀྱི་རྒྱལ་ཁམས་ཀྱི་སྡེ་ཚང་མའི་ནང་དུ་མི་བརྒྱུད་གཅིག་ནི་ཁ་འཐོར་དུ་ཡན་ནས་འདུག་དེའི་ཁྲིམས་ནི་མི་བརྒྱུད་ཐམས་ཅད་ཀྱི་ཁྲིམས་དང་སོ་སོ་ཡིན་ཏེ། རྒྱལ་པོའི་ཁྲིམས་ཀྱང་མི་སྲུང་བས། དེ་རྣམས་ལུས་འཇུག་པ་ནི་རྒྱལ་པོ་ལ་མི་ཕན་ནོ་ཞེས་ཞུས་སོ། ༩ ཡང་རྒྱལ་པོ་ཐུགས་དགྱེས་ན། དེ་རྣམས་མེད་པར་བྱེད་དགོས་ཞེས་འབྲི་བར་གནང་མཛོད། ཕྲན་གྱིས་རྒྱལ་པོའི་གཏེར་མཛོད་དུ་འཇོག་པའི་ཕྱིར་ཕྱག་མཛོད་རྣམས་ཀྱི་ལག་ཏུ་དངུལ་གྱི་རྡོ་ཚད་ཁྲི་ཚོ་གཅིག་འབུལ་བར་བྱའོ་ཞུས་པས། ༡༠ དེར་རྒྱལ་པོས་ཉིད་ཀྱི་ཕྱག་ནས་སོར་དུབ་ཕུད་དེ། ཡ་ཧུ་དཱ་པའི་དགྲ་བོ་ཨ་གག་པ་ཧམ་མེ་དཱ་ཐཱའི་བུ་ཧ་མན་ལ་གནང་སྟེ། ༡༡ དེ་ལ། དངུལ་དང་མི་རྣམས་གཉིས་པོ་ཁྱོད་ལ་བྱིན་པ་ཡིན། དེ་དག་ལ་ཁྱོད་ཀྱིས་གང་དགའ་གྱིས་ཤིག་གསུངས་སོ༎
༡༢ དེ་ནས་ཟླ་བ་དང་པོའི་ཚེས་བཅུ་གསུམ་པ་ལ། རྒྱལ་པོའི་དྲུང་ཡིག་རྣམས་བཀུག་ནས། ཧ་མན་གྱིས་བསྒོ་བ་བཞིན་དུ་རྒྱལ་ཚབ་རྣམས་དང་སྡེ་རེ་རེའི་བློན་པོ་རྣམས་དང་། མི་བརྒྱུད་རེ་རེའི་ཇོ་བོ་རྣམས་ལ་རྒྱལ་པོ་ཨ་ཧས་ཝེ་རོས་ཀྱི་མཚན་ནས། མི་བརྒྱུད་རེ་རེའི་ཡི་གེ་དང་སྐད་ནང་བྲིས་ནས། རྒྱལ་པོའི་སོར་དུབ་ཀྱིས་ཕྱག་རྒྱ་བཏབ་བོ། ༡༣ ཨ་དར་ཟླ་བའི་ཚེས་བཅུ་གསུམ་པ་ལ། ཡ་ཧུ་དཱ་པ་ཐམས་ཅད་རྒན་གཞོན་བྱིས་པ་བུད་མེད་བཅས་ཉིན་གཅིག་ཏུ་གསོད་ཅིང་ཚར་དུ་གཅོད་པ་དང་། དེ་རྣམས་ལ་འཕྲོག་ཆོམ་གཏོང་བའི་བཀའ་ཤོག་དེ་རྒྱལ་པོའི་སྡེ་ཁག་ཀུན་ཏུ་རྟ་ཟམ་རྒྱུད་བསྐྱལ་ཏོ། ༡༤ བཀའ་ཤོག་དེའི་འདྲ་ཤུས་སྡེ་རེ་རེའི་ཁག་ཐམས་ཅད་དུ་ཁྱེར་ཏེ། ཞག་དེའི་ཕྱིར་འཕྲལ་འགྲིག་སྡོང་པའི་དོན་དུ། ཡུལ་མི་ཐམས་ཅད་ལ་བཀའ་གནང་ངོ་། ༡༥ རྒྱལ་པོའི་བཀའ་ཡིན་པས། རྟ་ཟམ་པ་རྣམས་མྱུར་དུ་སོང་ངོ་། ཤུ་ཤན་མཁར་དུའང་བཀའ་རྒྱ་དེ་བསྒྲགས་སོ། རྒྱལ་པོ་དང་ཧ་མན་གཉིས་ཆང་འཐུང་གིན་བསྡད་ཀྱིས། རྒྱལ་ས་ཤུ་ཤན་ནང་སེམས་འཁྲུགས་བྱུང་ངོ་༎