༤
མར་དོ་ཀཱ་ཨིས་དེ་ཐམས་ཅད་ཚོར་བ་ཙམ་གྱིས། རང་གི་གོས་ཧྲལ་ཏེ། རྩྭ་ཕད་གྱོན་ཏེ། གོག་ཐལ་བཏོར་ནས། གྲོང་ཁྱེར་གྱི་དཀྱིལ་དུ་སོང་བ་དང་། སྐད་དྲག་པོ་བཏོན་ནས། རབ་ཏུ་ངུས་སོ། ༢ རྩྭ་ཕད་གྱོན་མཁན་གང་ཡང་རྒྱལ་པོའི་རྟ་སྒོའི་ནང་དུ་འཛུལ་མ་ཆོག་ནའང་། རྒྱལ་པོའི་རྟ་སྒོའི་མདུན་དུ་སོང་ངོ་། ༣ ཡང་རྒྱལ་པོའི་བཀའ་ཤོག་དང་བཀའ་དེ་བསླེབས་པའི་སྡེ་ཁག་རེ་ན། ཡ་ཧུ་དཱ་པ་རྣམས་ཀྱི་ཁྲོད་དུ་སྨྲེ་སྔགས་འདོན་པ་དང་། སྨྱུང་བར་བྱེད་པ་དང་། ངུ་བ་དང་། མྱ་ངན་གྱི་སྐད་ཆེན་མོ་བྱུང་ངོ་། ཡང་མི་མང་པོས་རྩྭ་ཕད་གྱོན་ཞིང་། གོག་ཐལ་ནང་བསྡད་དོ༎༤ དེ་ནས་ཨེས་ཐེར་གྱི་ཞལ་ཏ་མ་དང་ཉུག་རུམ་རྣམས་ཀྱིས་ཁོང་ལ་དེ་བཤད་པ་དང་། རྒྱལ་མོ་ནི་ཤིན་ཏུ་ཐུགས་འཁྲུགས་པར་གྱུར་ཏེ། མར་དོ་ཀཱ་ཨིའི་ཕད་གོས་ཕུད་དེ། གྱོན་དུ་གོས་ཤིག་བཀལ་ཡང་། ཁོས་མ་བླངས་སོ། ༥ དེ་ནས་ཨེས་ཐེར་གྱིས་ཉུག་རུམ་རྣམས་ཀྱི་ནང་ནས་རྒྱལ་པོས་ཁོང་ལ་ཞབས་ཕྱི་བྱེད་དུ་བསྐོས་པ་ཧ་ཐག་བྱ་བ་ལ་འབོད་དུ་བཅུག་ནས་དེ་ལ། ཁྱོད་ཀྱིས་མར་དོ་ཀཱ་ཨི་ལ། འདི་ཅི་ཡིན་དང་། ཅིའི་ཕྱིར་བྱེད་དྲིས་ཤོག་ཅེས་བཀའ་གནང་བས། ༦ ཧ་ཐག་ནི་རྒྱལ་པོའི་རྟ་སྒོའི་མདུན་དུ་ཡོད་པའི་རྒྱལ་སའི་ལམ་སྲང་དུ་མར་དོ་ཀཱ་ཨིའི་རྩར་ཕྱི་རོལ་དུ་ཐོན་ནས། ༧ མར་དོ་ཀཱ་ཨིས་རང་ལ་ཅི་བྱུང་བ་ཐམས་ཅད་དང་། ཧ་མན་གྱིས་ཡ་ཧུ་དཱ་པ་རྣམས་མེད་པར་བྱེད་པའི་ཕྱིར། རྒྱལ་པོའི་གཏེར་མཛོད་དུ་འབུལ་བའི་དངུལ་གྲངས་བཤད་དེ། ༨ དེ་རྣམས་མེད་པར་བྱེད་པའི་ཕྱིར་དུ་ཤུ་ཤན་དུ་བཏང་བའི་བཀའ་རྒྱའི་འདྲ་ཤུས་ཀྱང་ཨེས་ཐེར་གྱི་གཟིགས་ཐོག་འབུལ་དུ་བཏང་བ་དང་། ཁོང་ལ་འཆད་ཅིང་། རྒྱལ་པོའི་སྐུ་མདུན་ལ་ཕེབས་ཏེ། རང་གི་མི་བརྒྱུད་ཀྱི་ཕྱིར་བཅོལ་བ་དང་ཞུ་འབུལ་གཏོང་བར་ནན་གྱིས་སྐུལ་དུ་འཕྲིན་བསྐུར་ཏོ། ༩ དེ་ནས་ཧ་ཐག་འོངས་ནས། མར་དོ་ཀཱ་ཨིའི་གཏམ་ཐམས་ཅད་ཨེས་ཐེར་ལ་ཞུས་སོ། ༡༠ ཨེས་ཐེར་གྱིས་སླར་ཡང་ཧ་ཐག་རྒྱུད་མར་དོ་ཀཱ་ཨིའི་རྩར་ལོན་བསྐུར་ནས་དེ་ལ། ༡༡ རྒྱལ་པོའི་བཀའ་མེད་པར། ཚོམས་སྐོར་ནང་ཁོང་དྲུང་དུ་ཕོ་མོ་སུ་ཕྱིན་ནའང་། རྒྱལ་པོས་གང་གསོན་པོར་ལུས་པའི་ཕྱིར་གསེར་གྱི་ཕྱག་བེར་འདེགས་པ་འབའ་ཞིག་མ་གཏོགས་པར། གཞན་རྣམས་གསོད་པའི་བཀའ་གཅིག་རང་ཡོད་པའི་རྒྱུས་ནི། རྒྱལ་པོའི་དྲུང་འཁོར་དང་ཞིང་ཆེན་ཐམས་ཅད་ཀྱི་ཡུལ་མི་རྣམས་ལ་ཡོད་དོ། བདག་ནི་རྒྱལ་པོའི་དྲུང་དུ་མ་བོས་པར་ཞག་སུམ་ཅུ་སོང་ངོ་སྨྲས་སོ། ༡༢ དེ་དག་གིས་ཨེས་ཐེར་གྱི་གཏམ་ཐམས་ཅད་མར་དོ་ཀཱ་ཨི་ལ་བཤད་དོ། ༡༣ དེ་ནས་མར་དོ་ཀཱ་ཨིས་ལན་དུ་ཨེས་ཐེར་ལ། ཡ་ཧུ་དཱ་པ་ཐམས་ཅད་ཀྱི་ནང་ནས་ཁྱོད་རང་གཅིག་པོ་རྒྱལ་ཁབ་ནང་ཐར་བར་འགྱུར་རོ་ཞེས་མ་སེམས་ཤིག ༡༤ ཁྱོད་ནི་འདི་རེས་ཁ་རོག་སྡོད་ན། ཐར་པ་དང་སྐྱབས་ཡ་ཧུ་དཱ་པ་ལ་ཕྱོགས་གཞན་ནས་འབྱུང་གིས། ཁྱོད་ནི་རང་གི་ཕའི་བརྒྱུད་དང་བཅས་སྟོངས་པར་འགྱུར་རོ། དུས་སྐབས་འདིའི་ཕྱིར་དུ་ཁྱོད་རྒྱལ་མོའི་གོ་སའི་ཁར་སླེབས་པ་མིན་ནམ། སུས་ཤེས་བྱས་སོ། ༡༥ དེར་ཨེས་ཐེར་གྱིས་དེ་དག་མར་དོ་ཀཱ་ཨིའི་རྩར་ཕྱིར་ལོག་བཏང་སྟེ་དེ་ལ། ༡༦ ད་སོང་ལ། ཤུ་ཤན་དུ་ཡོད་པའི་ཡ་ཧུ་དཱ་པ་ཐམས་ཅད་སྡུས་ཏེ། ཞག་གསུམ་ཉིན་མཚན་གཉིས་པོར་ཅིའང་མ་ཟ་མ་འཐུང་བར་ངའི་ཕྱིར་སྨྱུང་བར་བྱོས་ཤིག ང་རང་དང་ངའི་ཞལ་ཏ་མ་རྣམས་ཀྱང་དེ་བཞིན་དུ་སྨྱུང་བར་བྱ། དེ་ནས་ཁྲིམས་བཞིན་མིན་ནའང་། ང་རྒྱལ་པོའི་དྲུང་དུ་འགྲོ་བར་བྱ་སྟེ། གལ་ཏེ་ང་ཤི་ན་ཤི་ཞེས་ལོན་བཏང་བས། ༡༧ མར་དོ་ཀཱ་ཨི་སོང་ནས་ཨེས་ཐེར་གྱིས་བསྒོ་བ་བཞིན་དུ་ཐམས་ཅད་བསྒྲུབ་པར་བྱས་སོ༎