༥
དེ་ནས་ཞག་གསུམ་པ་ལ། ཨེས་ཐེར་གྱིས་རྒྱལ་མོའི་ན་བཟའ་གསོལ་ནས། རྒྱལ་ཚབ་ཀྱི་ཚོམས་སྐོར་ནང་མར་རྒྱལ་པོའི་ཁང་བཟང་གི་ཐད་ཀར་བཞེངས་ནས་བཞུགས་པ་དང་། རྒྱལ་པོ་ནི་སྒོའི་ཐད་ཀར་རྒྱལ་པོའི་ཁང་བཟང་ནང་རྒྱལ་ཁྲིའི་ཁར་བཞུགས་ཡོད་པ་ལས། ༢ རྒྱལ་པོས་རྒྱལ་མོ་ཨེས་ཐེར་ཚོམས་ནང་ལངས་སྡོད་པ་གཟིགས་ཏེ། མོ་ལ་ཁོང་གི་དྲུང་དུ་ཐུགས་རྗེ་བརྙེད་དེ། རྒྱལ་པོས་ཕྱག་ཏུ་བསྣམས་པའི་གསེར་གྱི་ཕྱག་བེར་དེ་ཨེས་ཐེར་གྱི་ཕྱོགས་བཏེགས་པས། ཨེས་ཐེར་ཉེ་བར་སོང་སྟེ། ཕྱག་བེར་གྱི་མགོ་ལ་རེག་པར་བྱས་སོ། ༣ དེ་ནས་རྒྱལ་པོས། རྒྱལ་མོ་ཨེས་ཐེར། ཅི་འདོད། ཞུ་བ་ཅི་ཡོད། རྒྱལ་སྲིད་ཀྱི་ཕྱེད་ཀ་བར་དུ་ཡང་ཁྱོད་ལ་སྦྱིན་པར་བྱའོ་གསུངས་པ་དང་། ༤ ཨེས་ཐེར་གྱིས། རྒྱལ་པོ་ཐུགས་དགྱེས་ན། རྒྱལ་པོ་སྐུ་ཉིད་ཧ་མན་དང་བཅས་དེ་རིང་བདག་གིས་བཤམས་པའི་མགྲོན་དུ་ཕེབས་རོགས་གནང་ཞེས་ཞུས་པས། ༥ ཨེས་ཐེར་གྱིས་སྨྲས་པ་ལྟར་ཧ་མན་ལ་མགྱོགས་པོ་བྱེད་དུ་ཆུག་ཅིག ཅེས་རྒྱལ་པོས་བསྒོ་བ་དང་། ཨེས་ཐེར་གྱིས་བཤམས་པའི་མགྲོན་ལ་རྒྱལ་པོ་དང་ཧ་མན་གཉིས་པོ་ཕེབས་སོ། ༦ ཡང་སྐྱེམས་མགྲོན་གྱི་སྐབས་སུ་རྒྱལ་པོས་ཨེས་ཐེར་ལ། ཞུ་བ་ཅི་ཡོད། ངས་གནང་བར་བྱ། ཅི་འདོད། རྒྱལ་ཁམས་ཕྱེད་ཀྱི་བར་དུ་ཡང་ཁྱོད་ལ་སྟེར་བར་བྱའོ་སྨྲས་པའི་ལན་དུ། ༧ ཨེས་ཐེར་གྱིས། བདག་གི་ཞུ་བ་དང་འདོད་པ་ནི། ༨ གལ་ཏེ་བདག་ལ་རྒྱལ་པོའི་སྤྱན་སྔར་གཟིགས་པ་བརྙེད་དེ། བདག་གི་ཞུ་བ་ལ་གསན་ཏེ། དོན་སྒྲུབ་པར་མཛད་དུ། རྒྱལ་པོ་ཐུགས་མཉེས་ན། རྒྱལ་པོ་ཁྱེད་ཧ་མན་དང་བཅས་ཡང་བདག་གིས་བཤམས་བྱའི་མགྲོན་ལ་ཕེབས་རོགས་མཛོད། སང་ཉིན་བདག་གིས་རྒྱལ་པོས་བསྒོ་བ་བཞིན་དུ་བྱའོ་ཞེས་ཞུས་སོ༎༩ ཞག་དེ་ལ་ཧ་མན་ནི་བློ་བདེ་ཞིང་། སྙིང་དགའ་སྟེ་སོང་ནས། ཧ་མན་གྱིས་མར་དོ་ཀཱ་ཨི་རྒྱལ་པོའི་རྟ་སྒོའི་ནང་དུ་ཡོད་པ་དང་། ཡར་མི་ལྡང་མི་སྒྱུར་བ་མཐོང་ནས། དེ་ལ་ཤེན་ཏུ་ཁྲོས་ནའང་། ༡༠ མ་ཁྲོས་པ་ལྟར་བྱས་ཏེ། ཁང་པར་བསླེབ་པ་ཙམ་གྱིས། མཛའ་བོ་རྣམས་དང་། རང་གི་ཆུང་མ་ཟེ་རེས་ལ་འབོད་དུ་བཏང་ངོ་། ༡༡ དེ་ནས་ཧ་མན་གྱིས་དེ་དག་ལ། རང་གི་ནོར་གྱི་དཔལ་དང་། བུ་ཕྲུག་མང་པོ་ཡོད་པ་དང་། རྒྱལ་པོས་ཁོའི་གོ་ས་ཇི་ཙམ་བཏེགས་པ་དང་། རྒྱལ་ཕྲན་དང་རྒྱལ་པོའི་འཁོར་གཡོག་ཀུན་ལས་མཐོ་བར་མཛད་པ་ཐམས་ཅད་བཤད་དེ། ༡༢ གླེང་འཕྲོ་མ་བཅད་པར་ཧ་མན་གྱིས། འོ། རྒྱལ་མོ་ཨེས་ཐེར་གྱིས་བཤམས་པའི་སྐུ་མགྲོན་ལ། ང་མ་གཏོགས་པར་རྒྱལ་པོ་མཉམ་གཞན་སུའང་བོས་ནས་མི་འདུག སང་ཡང་ང་རྒྱལ་པོ་མཉམ་སྐུ་མགྲོན་ལ་བོས་པ་ཡིན། ༡༣ འོན་ཀྱང་ངས་ཡ་ཧུ་དཱ་པ་མར་དོ་ཀཱ་ཨི་དེ་རྒྱལ་པོའི་རྟ་སྒོར་མཐོང་བའི་བར་དུ། འདི་ཐམས་ཅད་ཀྱིས་ང་ཚིམ་པར་མི་བྱེད་དོ་ཞེས་སྨྲས་སོ། ༡༤ དེ་ནས་ཆུང་མ་ཟེ་རེས་མཛའ་བོ་རྣམས་དང་བཅས་སུ་དེ་ལ། ཁྲུ་ལྔ་བཅུ་པའི་གདུང་མ་ཞིག་འཕྱར་ཤིང་ལ་སློང་དུ་ཆུག་ཅིག་དང་། སང་ཉིན་མར་དོ་ཀཱ་ཨི་དེའི་ཁར་འཕྱར་བའི་ཕྱིར་རྒྱལ་པོ་ལ་ཞུས་ཤིག དེ་ནས་ཁྱོད་སེམས་དགའ་བའི་ངང་ནས་རྒྱལ་པོ་དང་མཉམ་མགྲོན་དུ་སོང་ཞེས་སྨྲས་པ་དང་། ཧ་མན་གཏམ་དེ་ལ་དགའ་བས། འཕྱར་ཤིང་དེ་བཟོ་རུ་བཅུག་གོ།