༦
མཚན་དེ་ལ་རྒྱལ་པོ་ལ་མནལ་མ་ཁུགས་པས། རྒྱལ་རབས་ཀྱི་དཔེ་ཆ་ཁྱེར་ཤོག་ཅེས་བཀའ་གནང་བ་དང་། རྒྱལ་པོའི་དྲུང་དུ་བཀླགས་ནས། ༢ དེའི་ནང་རྒྱལ་པོའི་ཉུག་རུམ་བིག་ཐན་དང་ཏེ་རེས་སྒོ་བ་གཉིས་ཀྱིས་རྒྱལ་པོ་ཨ་ཧས་ཝེ་རོས་ཀྱི་ཐོག་ཏུ་ལག་དར་དུ་གླགས་བཙལ་བ་ནི། མར་དོ་ཀཱ་ཨིས་བསྙད་བྱུང་ཞེས་བྲིས་པ་དང་ཕྲད་ནས། ༣ དེར་རྒྱལ་པོས། མར་དོ་ཀཱ་ཨི་ལ་དེའི་ཕྱིར་ཞེ་ས་དང་གོ་ས་ཅི་བསྟེར་བ་ཡིན་དྲིས་པས། རྒྱལ་པོར་ཞབས་ཕྱི་ཞུ་མཁན་རྣམས་ཀྱིས། དེ་ལ་ཅིའང་མ་བསྟེར་ཏོ་ཞེས་ཞུས་པས། ༤ ཡང་རྒྱལ་པོས། སྡེ་ཡངས་ན་སུ་ཡོད་འདྲི་བ་ཙམ་དུ། ཧ་མན་ནི། ངས་བཟོས་པའི་འཕྱར་ཤིང་གི་ཐོག་ཏུ་མར་དོ་ཀཱ་ཨི་འཕྱར་བར་གནོང་། ཞེས་རྒྱལ་པོ་ལ་ཞུ་བའི་ཕྱིར་རྒྱལ་ཁབ་ཀྱི་ཚོམས་ཕྱི་མར་བསླེབ་ཡོད་པས། ༥ དེ་ནས་འཁོར་གཡོག་རྣམས་ཀྱིས། གཟིགས་དང་། ཧ་མན་ནི་སྡེ་ཡངས་ན་ཀེ་རེ་འདུག་ཞུས་པས། རྒྱལ་པོས། ཁོ་ནང་དུ་འོང་བར་ཆུག་ཅིག་ཅེས་བསྒོའོ། ༦ དེ་ནས་ཧ་མན་ནང་དུ་ཡོངས་པས། རྒྱལ་པོས་དེ་ལ། རྒྱལ་པོས་བསྟོད་བར་འདོད་པའི་མི་ལ་ཅི་བྱེད་པའི་རིགས། ཞེས་དྲིས་པ་དང་། ཧ་མན་གྱིས་རང་གི་སྙིང་ནང་། ང་མ་གཏོགས་པར་སུ་ལ་རྒྱལ་པོས་སྟོད་པར་མཉེས་སོ་བསམས་ཏེ། ༧ ཧ་མན་གྱིས་རྒྱལ་པོ་ལ། རྒྱལ་པོས་བསྟོད་པར་དགྱེས་པའི་མི་དེ་ལ་ནི། ༨ རྒྱལ་པོས་མནབས་པའི་ན་བཟའ་དང་། རྒྱལ་པོ་འཆིབ་པའི་ཆིབས་ཆེན་དང་། རྒྱལ་པོའི་དབུའི་ཅོད་པན་བཅས་བཏོན་ཏེ། ༩ ན་བཟའ་དང་ཆིབས་ཆེན་ནི། རྒྱལ་ཕྲན་ཀུན་ལས་དྲག་པའི་ལག་ཏུ་གཏོད་པར་དགོས། དེས་རྒྱལ་པོས་བསྟོད་པར་དགྱེས་པ་དེ་ལ་ན་བཟའ་བསྐོན་ཏེ། ཆིབས་ཐོག་བསྐྱོན་ཏེ། རྒྱལ་སའི་ལམ་སྲང་དུ་འཁྲིད་དེ། མི་གང་ལ་རྒྱལ་པོས་བསྟོད་པར་དགྱེས་པ་དེ་ལ། འདི་ལྟར་མཛད་དོ། ཞེས་སྐད་ཆེན་པོས་མི་དེའི་མདུན་ལ་འབོད་པར་དགོས་ཞེས་ཞུས་སོ། ༡༠ དེར་རྒྱལ་པོས་ཧ་མན་ལ། ད་མགྱོགས་པོ་བྱེད་ཅིང་། རང་གིས་སྨྲས་པའི་གཏམ་དེ་ཁོ་ན་བཞིན་དུ། ན་བཟའ་དང་ཆིབས་ཆེན་ཁྱེར་ལ། རྒྱལ་པོའི་རྟ་སྒོར་སྡོད་པའི་ཡ་ཧུ་དཱ་པ་མར་དོ་ཀཱ་ཨི་ལ་བྱོས་ཤིག་ཁྱོད་ཀྱིས་སྨྲས་པའི་ཚིག་ཀུན་གྱི་ནང་ནས་གཅིག་ཀྱང་མ་ལུས་པར་གྱིས་ཤིག་ཅེས་གསུངས་སོ། ༡༡ དེ་ནས་ཧ་མན་གྱིས་ན་བཟའ་དང་ཆིབས་ཆེན་ཁྱེར་ཏེ། མར་དོ་ཀཱ་ཨི་ལ་བསྐོན་ནས། ཆིབས་ཐོག་ཏུ་བསྐྱོན་ཏེ། རྒྱལ་སའི་ལམ་སྲང་ནས་ཁྲིད་དེ། རྒྱལ་པོས་བསྟོད་པར་དགྱེས་པ་དེ་ལ། འདི་ལྟར་མཛད་དོ་ཞེས་མར་དོ་ཀཱ་ཨིའི་མདུན་ལ་འབོད་བསྒྲགས་སོ༎༡༢ ཡང་མར་དོ་ཀཱ་ཨི་རྒྱལ་པོའི་རྟ་སྒོར་ལོག་འོངས་ཀྱིས། ཧ་མན་ནི་སེམས་སྐྱོ་ཞིང་། མགོ་བཏུམ་སྟེ། མགྱོགས་པོར་རང་གི་ཁང་པར་སོང་ངོ་། ༡༣ ཡང་ཧ་མན་གྱིས་རང་གི་ཆུང་མ་ཟེ་རེས་དང་། མཛའ་བོ་ཐམས་ཅད་ལ། རང་ཐོག་ཏུ་ལྷུང་བ་ཚང་མ་བཤད་པ་དང་། དེའི་མི་མཁས་པ་རྣམས་དང་ཆུང་མ་ཟེ་རེས་ཀྱིས། ཁྱོད་འགྱེལ་བར་གཟས་པའི་མར་དོ་ཀཱ་ཨི་དེ་ཡ་ཧུ་དཱ་པའི་བརྒྱུད་ནས་ཆད་པ་ཡིན་ན་ནི། ཁྱོད་ཁོ་ལ་མི་བློའི། དེའི་མདུན་དུ་ངེས་པར་འགྱེལ་བར་འགྱུར་རོ་ཞེས་སྨྲས་སོ༎
༡༤ དེ་དག་གི་གཏམ་མ་རྫོགས་པར། རྒྱལ་པོའི་ཉུག་རུམ་རྣམས་སླེབས་ནས། ཧ་མན་མགྱོགས་པོར་ཨེས་ཐེར་གྱིས་བཤམས་པའི་མགྲོན་དུ་འཁྲིད་ཁྱེར་ཏོ༎