དེ་ལྟར་རྒྱལ་པོ་དང་ཧ་མན་གཉིས་པོ་རྒྱལ་མོ་ཨེས་ཐེར་གྱི་སྐྱེམས་མགྲོན་ལ་ཕེབས་སོ།  དེ་ནས་ཞག་གཉིས་པར་རྒུན་སྐྱེམས་ཀྱི་མགྲོན་དུ་རྒྱལ་པོས་ཡང་སྐྱར་ཨེས་ཐེར་ལ་རྒྱལ་མོ་ཨེས་ཐེར་ལགས་ཞུ་བ་ཅི་ཡོད། ཁྱོད་ལ་གནང་བར་བྱའོ། ཅི་འདོད། རྒྱལ་ཁམས་ཕྱེད་ཀྱི་བར་དུའང་ཁྱེད་ལ་གཏོང་བར་བྱ། ཞེས་གསུངས་ནས།  རྒྱལ་མོ་ཨེས་ཐེར་གྱིས་ལན་དུ། རྒྱལ་པོ་ལགས། བདག་ལ་ཁྱེད་ཀྱི་སྤྱན་སྔར་གཟིགས་པ་བརྙེད་དེ། རྒྱལ་པོའི་ཐུགས་སུ་འབྱོན་ན། བདག་གི་སྲོག་སྐྱོབ་པ་ནི་ངའི་ཞུ་བ་དེ་ཡིན། བདག་གི་མི་བརྒྱུད་ཀྱི་ཚེ་ཐར་དུ་འཇུག་པ་ནི། ངའི་སྙན་ཞུ་དེ་ཡིན།  དེ་ཅི་ལ་ཞེ་ན། བདག་དང་བདག་གི་མི་བརྒྱུད་ནི་ཚར་དུ་གཅོད་པ་དང་། འགུམ་པ་དང་། མེད་པར་བྱེད་པའི་ཕྱིར་བཙོང་ཚར་འདུག འོན་ཀྱང་གལ་ཏེ་བདག་ཅག་ནི་ཚེ་གཡོག་ཚེ་གཡོག་མོར་བཙོང་བ་ཡིན་རུང་། དགྲ་བོས་དེ་ལྟར་བྱེད་དེ་རྒྱལ་པོའི་གྱོང་དེ་གསོ་བར་མི་ནུས་ནའང་། བདག་ཁ་རོག་བསྡད་པ་ཡིན། ཞེས་ཞུས་པས།  རྒྱལ་པོ་ཨ་ཧས་ཝེ་རོས་ཀྱིས་རྒྱལ་མོ་ཨེས་ཐེར་ལ། འདི་ལྟར་བྱེད་པའི་ཧམ་པའི་སྙིང་ཡོད་པ་དེ་ནི་སུ་ཡིན། ག་ན་ཡོད་དྲིས་པ་དང་།  ཨེས་ཐེར་གྱིས། དགྲ་དང་ཕ་རོལ་པ་དེ་ནི་མི་ངན་ཧ་མན་འདི་ཀ་ཡིན་ཞུས་པས།
ཧ་མན་རྒྱལ་པོ་དང་རྒྱལ་མོའི་དྲུང་དུ་སྐྲགས་པར་གྱུར་ཏོ།  དེ་ནས་རྒྱལ་པོ་ཤིན་ཏུ་ཐུགས་ཁྲོས་ཞིང་། རྒུན་ཆང་བཞེས་མ་ཟིན་པར་བཞེངས་ཏེ། ཕོ་བྲང་གི་ཚལ་དུ་ཕྱིན་ཏོ། ཧ་མན་ནི་རང་སྲོག་གི་ཕྱིར་རྒྱལ་མོ་ཨེས་ཐེར་ལ་ཞུ་བ་འབུལ་བར་ལངས་སོ། དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོས་ཁོ་ལ་ངན་མཛད་ཐག་བཅད་པ་མཐོང་བའི་ཕྱིར་རོ།  དེ་ནས་རྒྱལ་པོ་ཕོ་བྲང་གི་ཚལ་ནས་སྐྱེམས་མགྲོན་གྱི་གནས་སུ་ཕྱིར་ལོག་ཕེབས་པ་དང་། ཨེས་ཐེར་ཡོད་པའི་མལ་ཁྲིའི་ཁར་ཧ་མན་ནི་ཁ་འབུབ་ཏུ་ཡོད་པ་ལས། རྒྱལ་པོས། ཁོས་གཟིམ་ཆུང་འདི་ན་ངའི་མདུན་དུའང་རྒྱལ་དབང་བྱེད་པར་འདོད་དམ། གསུངས་མ་ཐག་ཏུ། དེ་དག་གིས་ཧ་མན་གྱི་གདོང་བཀབ་བོ།  དེ་ནས་ཉུག་རུམ་གྱི་ནང་ནས་ཧར་བོ་ནཱས་རྒྱལ་པོའི་དྲུང་དུ། གཟིགས་ཤིག རྒྱལ་པོ་སྐུ་ཉིད་ལ་ཕན་དོན་བྱས་པའི་མར་དོ་ཀཱ་ཨིའི་ཕྱིར་དུ། ཁྲུ་ལྔ་བཅུ་པའི་འཕྱར་ཤིང་ཞིག་ཧ་མན་གྱིས་རང་གི་ཁང་པར་བསླངས་ནས་འདུག་ཞུས་པས། རྒྱལ་པོས། དེའི་ཐོག་ཏུ་འདི་རང་འཕྱར་བར་གྱིས་ཤིག་ཅེས་བསྒོ་བ་དང་། ༡༠ ཧ་མན་གྱིས་མར་དོ་ཀཱ་ཨིའི་ཕྱིར་བཙུགས་པའི་འཕྱར་ཤིང་གི་ཐོག་ཏུ་འཕྱར་ནས། རྒྱལ་པོའི་ཐུགས་ཁྲོ་ཞི་བར་གྱུར་ཏོ༎