ཉིན་མོ་དེ་ལ་རྒྱལ་པོ་ཨ་ཧས་ཝེ་རོས་ཀྱིས་ཡ་ཧུ་དཱ་པའི་དགྲ་བོ་ཧ་མན་གྱི་ཁང་པ་ནི་རྒྱལ་མོ་ཨེས་ཐེར་ལ་བྱིན། མར་དོ་ཀཱ་ཨི་རྒྱལ་པོའི་དྲུང་དུ་བསླེབས། ཇི་ལྟར་ཞེ་ན། ཨེས་ཐེར་གྱིས། དེ་ནི་ཁོང་དང་ཅི་འགྲོ་བཤད་པས་སོ།  ཡང་རྒྱལ་པོས་ཧ་མན་ནས་བླངས་པའི་ཉིད་ཀྱི་སོར་གདུབ་ཕྱག་ནས་ཕུད་དེ། མར་དོ་ཀཱ་ཨི་ལ་བཏད། ཨེས་ཐེར་གྱིས་ཧ་མན་གྱི་ཁང་པ་མར་དོ་ཀཱ་ཨིའི་ལག་ཏུ་བཏང་ངོ་༎
 ཨེས་ཐེར་གྱིས་སླར་ཡང་རྒྱལ་པོའི་ཞབས་དྲུང་དུ་བཏུད་དེ། སྤྱན་ཆབ་བསིལ་གྱིན། ཨ་གག་པ་ཧ་མན་གྱིས་གནོད་པ་སྐྱེལ་བ་དང་། ཡ་ཧུ་དཱ་པ་རྣམས་ལ་དགྲ་བྱེད་པའི་གྲོས་ངན་དེ་མེད་པར་མཛོད་ཅིག་ཅེས་ཞུས་སོ།  དེ་ནས་རྒྱལ་པོས་ཨེས་ཐེར་གྱི་ཕྱོགས་སུ་གསེར་བེར་བཏེགས་པས། ཨེས་ཐེར་ཡང་ལངས་ཏེ། རྒྱལ་པོའི་དྲུང་དུ་བཞེངས་ནས།  གལ་ཏེ་རྒྱལ་པོ་ཐུགས་དགྱེས་ཏེ། བདག་ནི་རྒྱལ་པོའི་གཟིགས་པ་བརྙེད་ནས། ཞུ་བ་འདི་རྒྱལ་པོའི་གཟིགས་ངོར་ལེགས་ཤིང་། བདག་རྒྱལ་པོའི་སྤྱན་དུ་མཛེས་པ་ཞིག་ཡིན་ན། ཨ་གག་པ་ཧམ་མེ་དཱ་ཐཱའི་བུ་ཧ་མན་གྱིས། རྒྱལ་པོའི་སྡེ་ཁག་སོ་སོ་ན་གནས་པའི་ཡ་ཧུ་དཱ་པ་རྣམས་མེད་པར་བྱེད་པའི་ཕྱིར་དུ་བྲིས་པའི་ཡེ་གེ་རྣམས་ཀྱི་ཁ་གནོན་དུ། བཀའ་ཤོག་འབྲི་བར་མཛོད་ཅིག  དེ་ཅིའི་ཕྱིར་ཞེ་ན། བདག་གི་མི་བརྒྱུད་ལ་འབྱུང་བྱའི་སྡུག་བསྔལ་དེ། ངས་ཇི་ལྟར་ལྟ་བར་ནུས། བདག་གི་གཉེན་བཤེས་རྣམས་མེད་པར་བྱེད་པ་ལ། ངས་ཇི་ལྟར་ལྟ་བཟོད་པར་ནུས། ཞེས་ཞུས་སོ།  དེ་ནས་རྒྱལ་པོ་ཨ་ཧས་ཝེ་རོས་ཀྱིས་རྒྱལ་མོ་ཨེས་ཐེར་དང་། ཡ་ཧུ་དཱ་པ་མར་དོ་ཀཱ་ཨི་གཉིས་ལ་བསྒོ་བ། ལྟོས་ཤིག ངས་ཧ་མན་གྱི་ཁང་པ་ཨེས་ཐེར་རང་ལ་བྱིན། ཡ་ཧུ་དཱ་པ་རྣམས་ལ་ལག་དར་བའི་རྐྱེན་གྱིས། ཧ་མན་འཕྱར་ཤིང་གི་ཐོག་ཏུ་འཕྱར་བར་བྱས་སོ།  ཡ་ཧུ་དཱ་པ་རྣམས་ཀྱི་དོན་དུ་རྒྱལ་པོ་ངའི་མིང་མཚན་བརྗོད་ཅིང་། རང་གི་བསམ་པ་བཞིན་དུ་བྲིས་ལ། རྒྱལ་པོའི་སོར་གདུབ་ཀྱིས་ཐེ་མོ་རྒྱོབ་ཅིག དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོའི་མཚན་ནས་བྲིས་པའི་བཀའ་ཤོག་དང་། རྒྱལ་པོའི་སོར་གདུབ་ཀྱི་ཐེ་མོ་ཕོག་པའི་བཀའ་ཤོག་དེ་ནི། མི་སུས་ཀྱང་འགྱུར་ཟློག་བྱེད་པར་མི་ནུས་སོ༎
 དེ་ནས་དུས་དེ་རང་ལ་སི་ཝཱན་བྱ་བའི་ཟླ་བ་གསུམ་པའི་ཚེས་ཉེར་གསུམ་པ་ལ། རྒྱལ་པོའི་དྲུང་ཡིག་རྣམས་བོས་ནས། ཡ་ཧུ་དཱ་པ་དང་། རྒྱ་གར་ནས་ཀུས་ཡུལ་གྱི་བར་དུ་ཡོད་པའི་སྡེ་བརྒྱ་དང་ཉེར་བདུན་གྱི་རྒྱལ་ཕྲན་དང་། སྡེ་དཔོན་དང་། བཀའ་བློན་རྣམས་ལ། མར་དོ་ཀཱ་ཨིས་སྨྲས་པ་ཐམས་ཅད། སྡེ་རེ་རེ་ལ་དེའི་ཡི་གེ་དང་། མི་བརྒྱུད་རེ་རེ་ལ་རང་གི་སྐད་བཞིན་དང་། ཡ་ཧུ་དཱ་པ་རྣམས་ལ་རང་གི་ཡི་གེ་དང་རང་གི་སྐད་ལུགས་བཞིན་དུ་བྲིས་སོ། ༡༠ དེ་ནས་དེས་ནི་རྒྱལ་པོ་ཨ་ཧས་ཝེ་རོས་ཀྱི་མཚན་བརྗོད་ཅིང་། རྒྱལ་པོའི་སོར་གདུབ་ཀྱིས་ཐེ་ཙེ་བརྒྱབ་པའི་བཀའ་ཤོག་དེ་དག་ནི། བང་ཆེ་བའི་ཆིབས་ཆེན་ལ་ཞོན་མཁན་དང་རྟ་ཟམ་ཐོག་བསྐུར་ནས་བཏང་ངོ་། ༡༡ དེ་དག་གི་ནང་དུ། རྒྱལ་པོས་ཡ་ཧུ་དཱ་པ་རྣམས་ལ། ཁོ་རང་རྣམས་འདུག་པའི་གྲོང་ཁྱེར་རེ་རེའི་ནང་དུ་འདུ་བ་དང་། རང་གི་སྲོག་སྐྱོབ་པའི་ཆེད་དུ་ལྡང་ཞིང་། སྡེ་དང་མི་བརྒྱུད་རྣམས་ཀྱི་ནང་ནས་དགྲ་བྱེད་པའི་དམག་ཐམས་ཅད་བུ་སྨད་བཅས་འགུམ་པ་དང་། གསོད་པ་དང་། མེད་པར་བྱེད་པ་དང་། འཕྲོག་ཆོམ་གཏོང་བའི་ཕྱིར་དགོངས་པ་གནང་ཡོད་པ་ཡིན། ༡༢ རྒྱལ་པོ་ཨ་ཧས་ཝེ་རོས་ཀྱི་སྡེ་ཐམས་ཅད་ཀྱི་ནང་དུ། ཨ་དར་བྱ་བའི་ཟླ་བ་བཅུ་གཉིས་པའི་ཚེས་བཅུ་གསུམ་པའི་ཉིན་གཅིག་གཅིག་ནང་། ༡༣ ཡ་ཧུ་དཱ་པ་རྣམས་ཀྱིས་རང་གི་དགྲ་བོ་ཀུན་ལས་དགྲ་ལན་ལེན་དུ་འཕྲལ་འགྲིག་སྡོད་པའི་ཕྱིར། སྡེ་རེ་རེའི་ནང་དུ་མངགས་པའི་བཀའ་ཤོག་གི་འདྲ་ཤུས་དེ་མི་ཐམས་ཅད་ནང་རྒྱས་པར་བྱེད་དུ། ༡༤ བང་མགྱོགས་པའི་ཆིབས་ཆེན་ཐོག་བཞོན་པའི་རྟ་ཟམ་པ་རྣམས་རྒྱལ་པོའི་བཀས་བྱས་ཇི་མྱུར་མགྱོགས་པོར་སོང་བ་དང་། ཤུ་ཤན་གྱི་ཕོ་བྲང་དུའང་བཀའ་དེ་བསྒྲགས་སོ༎
༡༥ ཡང་མར་དོ་ཀཱ་ཨི་ནི་རྒྱལ་པོའི་སྐུ་མདུན་ནས་རྒྱལ་པོའི་ན་བཟའ་དཀར་པོ་དང་གནམ་དོག་དང་། མགོར་གསེར་གྱི་ཅོད་པན་ཆེ་བ་ཞིག་དང་། མཚལ་ཁ་དང་ཀ་ཤི་ཀ་གོན་ནས། ཕྱི་རོལ་དུ་ཐོན་པ་དང་། ཤུ་ཤན་རྒྱལ་ས་དགའ་མགུའི་སྐད་ཆེན་པོས་ཡི་རང་བར་གྱུར། ༡༦ ཡ་ཧུ་དཱ་པ་རྣམས་ལ་དགའ་བ་དང་། སྐྱིད་པ་དང་། བཀུར་སྟི་དང་། འོད་ཤར་རོ། ༡༧ རྒྱལ་པོའི་བཀའ་དང་བཀའ་རྒྱ་ཕེབས་པའི་སྡེ་ཁག་དང་གྲོང་ཁྱེར་རེ་རེ་ནང་། ཡ་ཧུ་དཱ་པ་རྣམས་ལ་སེམས་སྐྱིད་དང་། དགའ་བའི་སྟོན་མོ་དང་། ཞག་བཟང་ཞིག་བྱུང་། ཡ་ཧུ་དཱ་པའི་རབ་ངད་ཀྱིས་ཡུལ་དེ་དག་གི་གཞི་མིའི་ནང་ནས་མང་པོ་ཡ་ཧུ་དཱ་པ་བྱས་སོ༎